དཀར་མཛེས་ཁུལ་གྱིས་དམིགས་འབེན་དམ་འཛིན་གྱིས་རིམས་ནད་དང་དབུལ་ཐར་འཐབ་འཛིང་ལ་འཐུས་ཤོར་མི་ཡོང་བ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། དཀར་མཛེས་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་དབུལ་ཐར་འགག་སྒྲོལ་ལས་དོན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཟང་པོ་སྒྲུབ་པ་དང་དུས་མཚུངས་དབུལ་ཐར་འགག་སྒྲོལ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

“ལས་དོན་གྱི་དཀའ་གནད་”མགྱོགས་མྱུར་ངང་ཐག་གཅོད་བྱས། ཕྱོགས་ཡོངས་ནས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་འདོད་ཕྱོགས་གསལ་རྟོགས་བྱེད་པ་དང་། “དཔྱིད་ཀའི་ལས་་འགུལ་བེད་སྤྱོད་གཏོང་བ། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་སྔོན་ལ་ལས་ཞུགས་དང་ཕྱིར་ལས་གནས་སུ་བསྐྱོད་རྒྱུ་རྩ་འཛུགས་བྱེད་པ། རིམས་འགོག་དུག་སེལ་དང་རིམས་ནད་ལྟ་ཞིབ་ཚད་ལེན་སོགས་གནས་སྐབས་རང་བཞིན་གྱི་སྤྱི་ཕན་ལས་གནས་སྔོན་ལ་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བཅས་བྱས་ཏེ། གནས་སྐབས་ཕྱིར་ངལ་རྩོལ་དུ་འགྲོ་ཐབས་བྲལ་བའི་དབུལ་ཕོངས་མང་ཚོགས་རང་ས་གནས་དང་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱེད་དགོས། མིག་སྔར་ཁུལ་ཡོངས་སུ་ཕྱིར་ལས་གནས་དུ་བསྐྱོད་ཟིན་པ་དང་ཡང་ན་ཕྱིར་ལས་གནས་སུ་སྐྱོད་འདོད་ཡོད་པའི་དབུལ་པོ་མི་གྲངས་ཁྱོན་བསྡོམས་པས44725ཡོད་པ་དང་། དངོས་སུ་ཕྱིར་ལས་གནས་སུ་སྐྱོད་མཁན་མི21102ཡོད་ལ། ཐག་ཉེ་ས་དང་རང་ས་གནས་སུ་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ལས་ཀ་བྱེད་གནས5590དོན་འཁྱོལ་བྱས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་གནས་སྐབས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱས་ནས་དབུལ་ཕོངས་མི་གྲངས572ལས་ཞུགས་ཐུབ་པ་བྱས་ཡོད།

དྲ་ཐོག་འཁོར་རྒྱུག་ལ་བརྟེན་ནས་དབུལ་ཐར་བརྟན་ཆགས་བྱུང་། ཞིང་ཞོར་ཐོན་རྫས་མཁོ་སྤྲོད་དོ་སྙོམས་མེད་པ་དང་ཚོང་མི་བྲིན་པའི་གནད་དོན་ལ་དམིགས་ཏེ། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་དང་། དཀར་མཛེས་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་། དཀར་མཛེསAPPསོགས་ལས་སྟེགས་དང་ལག་ཁྱེར་ཁ་པར་སྟེང་སྟབས་བདེའི་ཉོ་སྒྲུབ་དང་བརྒྱུད་རིམ་ཧྲིལ་པོར་འབྲེལ་བ་མེད་པའི་སྡེབ་སྐྱེལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་རྫས“དྲ་ཐོག་ཕྱིར་ཚོང་ཁྲོམ་ར”གཏོད་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། མིག་སྔར་ཞིང་ཆེན་རིམ་པས་དབུལ་སྐྱོར་ཐོན་རྫས་མཁོ་འདོན་ཚོང་པ་51ངོས་འཛིན་བྱས་པའི་ནང་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་སོགས་རིགས18ཀྱི་ཐོན་རྫས192ཡོད་པ་དང་རིམ་རྩིས་བྱས་ན་དུད་ཚང་དབུལ་པོ10870ལ་ཡོང་འབབ་འཕར་ནས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་པས་རིན་ཐང་བསྡོམས་འབོར་སྒོར་ཁྲི5000ལྷག་ཙམ་ཟིན་ཡོད་པ་རེད། དྲ་ཐོག་ནས་ཕྱིར་ཚོང་བྱེད་པའི་བྱ་ཐབས་སྤྱད་དེ་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་ཚད15500ལྷག་ལ་སླེབས་པ་དང་རིན་ཐང་སྒོར་ཁྲི་300ལྷག་ཙམ་ལ་སླེབས་ཡོད་པ་རེད།

 “རྣམ་གྲངས་འཛུགས་སྐྲུན”སྔ་མོ་ནས་སྤེལ་འགོ་ཚུགས། རིམས་ནད་ཀྱི་ཤུགས་རྐྱེན་ལ་གཞིགས་ནས་དུས་ཐོག་ཏུ་རྣམ་གྲངས་མཛོད་ལེགས་སྒྲིག་བཟང་པོ་བྱས་ཏེ་དབུལ་སྐྱོར་མ་དངུལ་ཚང་མ་གང་མགྱོགས་ཀྱིས་རྣམ་གྲངས་ཐོག་བཀོད་སྒྲིག་བྱས་པ་དང་འབྲེལ་རྣམ་གྲངས་ལས་འགོ་རྩོམ་པ་དང་ལས་འགོ་བསྐྱར་འཛུགས་བྱ་རྒྱུར་དུས་ཐོག་ཏུ་སྐུལ་འདེད་བཏང་བ་དང་། དེ་མ་ཐག་ལས་འགོ་བསྐྱར་འཛུགས་ཀྱི་བླང་བྱར་སླེབས་མི་ཐུབ་པའི་ཨར་སྐྲུན་ཁེ་ལས་ཀྱིས་སྔ་སྣུར་དུ་མི་སྣ་དང་དངོས་ཟོག་སོགས་ཀྱི་གྲ་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ནས་ལས་འགོ་བསྐྱར་འཛུགས་བྱ་རྒྱུར་ཆ་རྐྱེན་བསྐྲུན་ཡོད། ད་ལོར་རྣམ་གྲངས1287ལག་བསྟར་བྱ་རྩིས་ཡོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར24.59གཏོང་རྩིས་ཡོད་པ་རེད། མིག་སྔར་རྣམ་གྲངས1081བཀོད་སྒྲིག་བྱས་པ་དང་། རྣམ་གྲངས154ལས་འགོ་ཚུགས། རྣམ་གྲངས28ལས་མཇུག་སྒྲིལ། མ་དངུལ་སྒོར་ཁྲི་604.57བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།