འགྲིམ་འགྲུལ་འཛུགས་སྐྲུན་བྱས་པས་སི་ཁྲོན་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སླར་ཡང་འཕུར་མཆོང་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “རིམས་ནད་ཐོན་རིང་། ངེད་ཚོ་ངལ་གསོ་ཁོམ་མེད་པར་ཉིན་ལྟར་མྱུར་སྐྱེལ་བསྐུར་བསྡུ་བྱེད་ཚད་230ཙམ་ཟིན་ནས་ཧ་ལམ་30%མང་དུ་སོང་ཡོད”ཅེས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རང་སྐྱོང་ཁུལ་ཉག་ཆུ་རྫོང་གི་ཧྲུན་ཕུང་མྱུར་སྐྱེལ་འགན་ཁུར་བ་དབྱང་ཁྲེང་ཧུའུ་ཡིས་བརྗོད་པ་དང་། ཁོང་གིས་ཉིན་ལྟར་ཁ་རས་འཁྱེར་ནས་རྫོང་གྲོང་གི་ཁྲོམ་གཞུང་དང་སྲང་ལམ་གང་སར་བསྐྱོད་དེ་ཕྱི་ཕྱོགས་ནས་བསྐུར་བའི་ཁ་རས་དང་ཤོག་བུའི་ཆབ་གདན་སོགས་རིམས་འགོག་དང་འཚོ་བའི་མཁོ་ཆས་འཛད་སྤྱོད་པའི་ལག་ཏུ་སྤྲོད་པ་དང་ཆབས་ཅིག དབྱར་རྩྭ་དགུན་འབུ་སོགས་ཁྱད་ལྡན་ཐོན་རྫས་ཀྱི་བསྐུར་མ་རླངས་འཁོར་ནང་བླུགས་ཏེ་དབོར་འགྲོ་གི་ཡོད།

ཁམས་པའི་བོད་རིགས་ས་ཁུལ་གྱི་དབུས་སུ་གནས་པའི་ཉག་ཆུ་རྫོང་གི་ས་ཁུལ་ཕལ་ཆེ་བའི་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཟིན་མོད། འོན་ཀྱང་དྲ་ཐོག་ཚོང་དོན་དང་དེང་དུས་ཟོག་འགྲེམས་ཀྱི་ལས་སྒོ་སྔ་ས་ནས་དེ་གར་འཕེལ་རྒྱས་བཏང་བ་མ་ཟད་རྩ་བ་བརྟན་པོ་ཚུགས་ཡོད། ན་ནིང་ཟླ་8པར། བེ་ཤ་འཐུ་བའི་དུས་ཚིགས་སུ། མི་མེད་གནམ་གྲུ་བརྒྱ་ལྷག་ཙམ་གྱིས་རི་གྲོང་ནས་བེ་ཤ་སོས་པ་དབོར་བ་དང་། སླར་ཡང་གྲང་འདྲེན་རླངས་འཁོར་བརྒྱུད་ཉེ་འགྲམ་གྱི་གནམ་ཐང་ནས་རྒྱལ་ཡོངས་སུ་དབོར་བས་གྲོང་ཁྱེར་ཕལ་ཆེ་བར་ཆུ་ཚོད་48ནང་འབྱོར་གྱི་ཡོད།

ཇ་རྟ་གནའ་ལམ་ནས་འགོ་བཙུགས་ཏེ། སི་ཁྲོན་བོད་རིགས་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་ཐ་ན་ལས་དབང་དེའང་འགྲིམ་འགྲུལ་དང་འབྲེལ་བ་དམ་ཟབ་ཡོད། སི་ཁྲོན་གཤོང་ས་ནས་མཚོ་བོད་ས་མཐོར་སྐྱོད་པའི་ལམ་བར་དུ་རི་ཚོགས་ཁྲི་སྟོང་མང་པོ་དང་གཡང་གཟར་གྱི་ཉེན་ཁ་སྣ་ཚོགས་འཕྲད་ལ་ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་། གཞུང་ལམ་བསྐྲུན་ཚད་ཞིག་རལ་དུ་སོང་ནས་འགྲིམ་འགྲུལ་ཧ་ཅང་རྗེས་ལུས་ཡིན་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་གཞི་ནས་ཁྲོན་བོད་གཞུང་ལམ་རྦད་དེ་ཤར་གཏོང་ཐུབ་ཡོད།

ལོ་བཅུ་ཕྲག་ཁ་ཤས་རིང་། བོད་རིགས་ས་ཁུལ་དང་ནང་ས་དབར་གྱི་ལམ་བུ་གཙོ་བོ་ཡིན་པའི་ཁྲོན་བོད་གཞུང་ལམ་སི་ཁྲོན་དུམ་བུ་སྲུང་སྐྱོང་དང་བསྐྱར་སྐྲུན་ཐེངས་མང་བྱས་ཡོད། 2000ལོའི་སྔ་རྗེས་སུ། ཨར་ལམ་རི་བོའི་ཕུག་ལམ་དང་སྤོ་དཀར་ལའི་ཕུག་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། དེ་རྗེས་བཀའ་བཞི་ལ་དང་ཁྲོ་ལ་སོགས་ས་བབ་མཐོ་བའི་ཕུག་ལམ་ཁ་ཤས་གཅིག་རྗེས་གཉིས་མཐུད་ངང་ཏལ་འབིབས་ཐུབ་ནས། རླངས་འཁོར་བསྐྱོད་ཡུན་དེ་བས་ཐུང་དུ་ཕྱིན་པ་མ་ཟད་བདེ་འཇགས་ཀྱང་ཧ་ཅང་ཆེ་རུ་སོང་ཡོད།

གྲངས་གཞི་ལས་མངོན་པར། 2009ལོ་ནས་བཟུང་། ཀྲུང་དབྱང་དང་ཞིང་ཆེན་གྱིས་སི་ཁྲོན་བོད་རིགས་ས་ཁུལ་དུ་རིམ་རྩིས་བརྒྱབ་ན་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1300ལྷག་ཙམ་བཏང་སྟེ། གཞུང་ལམ་གསར་སྐྲུན་དང་བསྐྱར་སྐྲུན་ཁྱོན་སྤྱི་ལེ་ཁྲི་4.7ཙམ་བྱས་པ་དང་། ལོ་10ཡི་མ་དངུལ་བསྡོམས་འབོར་དང་གསར་སྐྲུན་དང་བསྐྱར་སྐྲུན་གྱི་ལམ་ཐག་དེ་གོང་གི་ལོ་60ཡི་ལྡབ་12དང་ལྡབ་10སོ་སོར་ཡིན་པ་རེད། 2019ལོའི་ལོ་མཇུག་ཏུ། སི་ཁྲོན་བོད་རིགས་ས་ཁུལ་གྱི་ཤང་གྲོང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་མཁྲེགས་འགྱུར་ལམ་ཤར་གཏོང་ཐུབ་ཡོད།

ད་ཆ་ཉག་ཆུའི་བེ་ཤ་དང་། ལི་ཐང་གི་སྔོ་ཚལ། བཙན་ལྷའི་ཀུ་ཤུ། ཧུང་ཡོན་གྱི་ཚགས་ཤ་ལ་སོགས་རི་ཁུག་ནས་ཐོན་ཏེ་ཐ་ན་འཛམ་གླིང་ཡོངས་སུ་ཕྱིར་གཏོང་བྱས་ཤིང་། གཟི་ཚྭ་སྡེ་དགུའི་གསེར་མཚོ་དང་འདབ་པ་ཉི་བརྟེན་སོགས་ངོ་མཚར་རྨད་དུ་བྱུང་བའི་རང་བྱུང་མཛེས་ལྗོངས་དང་བར་ཐག་ཇེ་ཉེར་ཕྱིན་ནས། གཞུང་ལམ་བརྒྱུད་དུ་སྒེར་འཁོར་གཏོང་མཁན་གྱི་ཡུལ་སྐོར་བ་དང་རྐང་འཁོར་བཞོན་པའི་ཡུལ་སྐོར་བ་གང་སར་མཐོང་རྒྱུ་ཡོད།

སི་ཁྲོན་ཞིང་ཆེན་གྱིས་ཟླ་2ཚེས་18ཉིན། དཀར་མཛེས་ཀྲོའུ་དང་རྔ་པ་ཀྲོའུ་ཡི་བོད་རིགས་ས་ཁུལ་གྱི་རྫོང་16རྫོང་དབུལ་པོའི་གྲལ་ནས་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པའི་ཁར། དེ་གོང་ཕྱིར་འཐེན་བྱས་ཟིན་པའི་རྫོང་16ཡོད་པ་དེ་དག་ལས་ཀྲུང་གོའི་བོད་རིགས་ས་ཁུལ་ཆེ་ཤོས་གཉིས་པ་ཡིན་པའི་སི་ཁྲོན་བོད་རིགས་ས་ཁུལ་གྱི་ས་ཁོངས་ཧྲིལ་པོ་དབུལ་སྒྲོལ་བྱུང་ནས་དབུལ་ཞྭ་ཕུད་པ་མཚོན་ཡོད། འཕོ་འགྱུར་ཆེན་པོ་དེ་ལྟ་བུ་བྱུང་བ་ལས་ཡུལ་དེའི་ལས་བྱེད་པ་དང་མང་ཚོགས་ཧ་ལས་པ་དང་། འགྲིམ་འགྲུལ་འཕེལ་རྒྱས་ཆེན་པོ་ཕྱིན་པ་ལས་སི་ཁྲོན་གྱི་བོད་རིགས་ས་ཁུལ་ལ་འཕུར་མཆོང་གསར་པ་བྱུང་ཡོད།

ཁ་བ་ཆེན་པོ་ཞིག་བབས་རྗེས། རྔ་པ་ཀྲོའུ་བཙན་ལྷ་རྫོང་དབང་ཞིང་གྲོང་རྡལ་བོར་རོམ་གྲོང་ཚོས་དཔྱིད་དུས་ཀྱི་ཉི་ཟེར་ཐོག་མ་བསུས་ཤིང་། ལོ་80ཙམ་ལ་སླེབས་པའི་གྲོང་མི་མ་ཆོན་ཕང་གིས་ཡུ་རིང་ལྷམ་གྱོན་པ་དང་ལག་ཏུ་ཕྱག་མ་འཁྱེར་ནས་གྲུང་རིལ་རིལ་ངང་ཁྱིམ་ནས་ཐོན་ཏེ“ལམ་བུ་བདག་སྐྱོང་བྱེད་པར”བསྐྱོད།

སྤོ་བོ་མ་ལགས་ཀྱིས“འགན་ཁུར་བའི་ལམ་བུ”ནི་དབང་ཞིང་གྲོང་རྡལ་ནས་གྲོང་ཚོར་སྐྱོད་པའི་གཞུང་ལམ་དེ་ཡིན་ཞིང། ཕལ་ཆེར་སྤྱི་ལེ་གཉིས་གསུམ་ཙམ་ཟིན་གྱི་ཡོད་ལམ་སྟེང་དུ་ལུག་གི་རིལ་མ་དང་རྡོ་ཧྲུག་ཡོད་ཚད་གཙང་མ་འཕྱག་གི་ཡོད། 2007ལོར་ལམ་གཞི་བཏིང་མ་ཐག སྤོ་བོ་མ་ལགས་ དོད་དྲག་གི་ནད་གཞི་ཕོག་ནས་མྱུར་སྐྱོབ་རླངས་འཁོར་གྱིས་རང་ཁྱིམ་ནས་འབར་ཁམས་བར་དབོར་ནས་སྨན་བཅོས་བྱས་སྟབས་གཞི་ནས་དྲག་སྐྱེད་བྱུང་།

སྤོ་བོ་མ་ལགས་ཀྱིས“སྔོན་ཆད་ཡིན་ཚེ་ལམ་བུ་ཤར་གཏོང་མི་ཐུབ་པ་དང་རླངས་འཁོར་སྐྱོད་ཐབས་བྲལ་བས་ངའི་སྲོག་ཤོར་རྒྱུ་རང་རེད།” ལོ་ཤས་གོང་། གྲོང་ཚོས་ལམ་སྲུང་བ་འཚོལ་སྐབས་ངས་མིང་ཨང་དང་པོ་བཀོད་དེ“སྲོག་སྐྱོབ་ལམ་བུ”དེ་བདག་སྐྱོང་ཡག་པོ་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན་ཞེས་བཤད།

ལམ་བུ་དེ་ནི་གྲོང་མི་ཡོངས་ཀྱི“ཐོན་ལས་ལམ་བུ”ཡིན་ཞིང་། “སྔོན་ཆད་ལམ་བུ་མེད་སྐབས་ངེད་ཚོའི་ཀུ་ཤུ་ཞིམ་པོ་ཡོད་ཀྱང་བཙོངས་ཁག་པོ་ཡོད”བོར་རོམ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལུང་ཧྭ་ཀུའེ་ཡིས་ཀུ་ཤུ་དབོར་སྐབས་མིའི་སྒལ་པར་འཁུར་བ་དང་རྟ་རྒྱབ་ཏུ་བཀལ་ནས་འབྲེང་ཟམ་དང་ཆུ་ཟམ་བརྒྱུད་དགོས་པས་འཕྲོ་བརླག་མང་པོ་འགྲོ་སྟབས་རིན་གོང་ཡང་མཐོ་པོ་རག་གི་མེད་ཅེས་བཤད།

ལུང་ཧྭ་ཀུའེ་ཡིས“ད་ཆ་ལམ་བུ་ཡོད་པའི་ཁར། སྣུམ་ནག་ལམ་བཏིང་ཡོད”གྲོང་ཚོའི་ཀུ་ཤུ་མུའུ་1200དེ་དག་ཕྱི་ཕྱོགས་སུ་འཚོང་ཐུབ་པ་མ་ཟད། གྲོང་ཁྱེར་ནང་གི་ཡུལ་སྐོར་བས་ཀྱང་ཐད་ཀར་རླངས་འཁོར་བཏང་ནས་འཐུ་བར་ཡོང་གི་ཡོད། ན་ནིང་གྲོང་ཚོའི་མཉམ་སྡེབ་ཀྱི་ཞིང་གྲོང་མཉམ་སྤྱོད་བྱེད་སྒོ་སྤེལ་ནས་ཟ་སྡོད་དང་ཡུལ་སྐོར་བྱ་རྒྱུ་གང་དགོས་དེ་འཛོམས་ཡོད་ཅིང་། ཧ་ལམ་གྲོང་མི་1407ཚང་མ་མ་རྐང་ནང་ཞུགས་པས་སླད་ཕྱིན་འཚོ་བ་དེ་བས་ཡག་པ་སྐྱེལ་རྒྱུ་ཡོང་བའི་རེ་བ་ཆེན་པོ་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།