​ཕྱག་ཕྲེང་རྫོང་གིས་རིམས་འགོག་འཐབ་ས་དང་པོའི་མི་སྣའི་ཁྱིམ་མིར་འཚམས་འདྲི་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2བའི་ཚེས18ཉིན་ཕྱག་ཕྲེང་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལས་དོན་ཚོགས་ཆུང་གིས་རྫོང་དེའི་རྟའུ་རུ་རིམས་འགོག་ལས་དོན་སྤེལ་བའི་འཐབ་ས་དང་པོར་ཡོད་པའི་སྨན་དོན་དང་ཉེན་དོན་མི་སྣའི་ཁྱིམ་མི་རྣམས་ལ་འཚམས་འདྲི་བྱས་པ་དང་།  ཁོ་ཚོས་འཚམས་འདྲི་ཡི་གེ་སྐྱེལ་བ་དང་། དགོས་མཁོ་སྒྲུབ་པ། བརྩེ་སེམས་སྔོ་ཚལ་བསྐྱལ་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་རིམས་འགོག་འཐབ་ས་དང་པོའི་མི་སྣའི་ཁྱིམ་མི་རྣམས་ལ་ཐུགས་ཁུར་གནང་།

 ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས་ཕྱག་ཕྲེང་རྫོང་གི་ལས་བྱེད་མི་སྣ་དང་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཧུར་ཐག་སྒོས་སྤེལ་ནས། སྨན་དོན་མི་སྣ་དང་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་མི་ཉུང་བ་ཞིག་གིས་འཐབ་ས་དང་པོར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་བར་འགྲོ་རྒྱུའི་རེ་བ་བཏོན་ཏེ།  རིམས་ནད་མཉམ་འབྲེལ་སྔོན་འགོག་འགག་སྒོ་རུ་ལས་རེས་བྱེད་པ་དང་། ཁྱིམ་སྡོད་ལོགས་བཀར་མི་སྣར་ལྟ་ཞིབ་ཚད་ལེན་སོགས་བྱས་ལ། སྨན་དོན་མི་སྣ4རྟའུ་རུ་རམ་འདེགས་མྱུར་སྐྱོབ་བྱེད་དུ་ཕྱིན།  རིམས་འགོག་འཐབ་ས་དང་པོའི་མི་སྣའི་སེམས་ཁྲལ་སེལ་ནས་ཁོང་ཚོའི་ཁྱིམ་མི་རྣམས་ལ་ཐུགས་ཁུར་གནང་ཞིང་། ཁོང་ཚོར་འཐབ་ས་དང་པོ་ནས་བློ་བདེ་པོའི་ངང་ལས་ཀ་བྱེད་དུ་འཇུག་པའི་ཆེད། འཚམས་འདྲི་ཚོགས་ཆུང་གིས་ཡུལ་དངོས་སུ་རིམས་འགོག་མི་སྣའི་ཁྱིམ་མིིའི་དཀའ་ངལ་སེལ་ཏེ། གཟའ་འཁོར་རེར་དེ་དག་ལ་འཚོ་བའི་དངོས་ཟོག་མཁོ་འདོན་བྱ་རྒྱུར་གཏན་འབེབས་བྱས།

“ཁོ་ནི་རྒྱལ་ཁབ་ཀྱིས་གསོ་སྐྱོང་བྱས་པས། ད་ལྟའི་དམིགས་བསལ་གྱི་དུས་སྐབས་འདིར་ཁོས་སྦྱངས་པའི་ཤེས་བྱ་ཡིས་རྒྱལ་ཁབ་ལ་ནུས་བ་འདོན་པའི་དུས་ཡིན“ཞེས་རྫོང་དེའི་ཤམ་བྷ་ལ་གྲོང་རྡལ་གངས་ཕུན་གྱིས་བུ་ཐུབ་བསྟན་ཉི་མ་རྟའུ་རུ་རིམས་འགོག་རོགས་སྐྱོར་ཕྱིན་པར་རྒྱབ་སྐྱོར་ཆེན་པོ་བྱས་པ་མ་ཟད། ཁ་པར་ནང་དུ་བུ་ལ་ལས་གནས་བརྟན་སྲུང་དང་། ལས་ཀ་ཡག་པོ་བྱས་ནས་རིམས་འགོག་ལས་དོན་ཐད་རང་ཉིད་ཀྱི་སྟོབས་ཤུགས་ཡོད་ཚད་འབུལ་དགོས་པའི་སྐུལ་མ་ཡང་ཡང་བཏང་། ། 

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།