རྟའུ་རྫོང་གི་མཁོ་བསྟུན་རྗེས་གྲབས་སྨན་ཁང་དངོས་སུ་སྤྱོད་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2བའི་ཚེས19ཉིན་ཏོག་གསར་གློ་ཚད་བྱུང་བའི་ནད་པ24རྟའུ་རྫོང་མཁོ་བསྟུན་རྗེས་གྲབས་སྨན་ཁང་དུ་བསྡད་པ་དེ་ཡིས་རྟའུ་རྫོང་མི་དམངས་སྨན་ཁང་གི་སྐྱོབ་བཅོས་གནོན་ཤུགས་ཇེ་ཆུང་དུ་བཏང་བ་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་ལ་སྔར་བས་ཤུགས་སྣོན་པ་དང་། ཚ་བ་རྒྱས་པའི་ནད་པར་སྐྱེལ་བསུ་དང་། ལྟ་བ། བརྟག་དཔྱད། སྐྱོབ་བཅོས་སོགས་ཀྱི་དགོས་མཁོ་དང་བསྟུན་ཞིང་། སྨན་ཁང་དུ་ཡོང་བའི་ནད་པ་གཅིག་ཀྱང་མི་ལུས་པར་བརྟག་དཔྱད་བྱེད་ཐུབ་པ་དང་སྨན་བཅོས་མི་སྣ་གཅིག་ལའང་ནད་མི་འགོས་པའི་ཆེད་དུ། རྟའུ་རྫོང་གིས་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་དེ་ད་ཡོད་ཀྱི་ཏོག་གསར་གློ་ཚད་བྱུང་བའི་ནད་པ་དང་། ནད་དཔེ་དོགས་པ་ཅན། ནད་རྟགས་མེད་པའི་ནད་པ་བསྡུ་ལེན་བྱེད་པའི་གཏན་ཁེལ་སྨན་ཁང་དུ་བསྒྱུར་རྒྱུའི་གཏན་འབེབས་བྱས།

ཉིན་གསུམ་རིང་ལ་ཉིན་མཚན་མེད་པར་གྲ་སྒྲིག་བྱས་པ་བརྒྱུད། ཟླ2བའི་ཚེས19ཉིན་རྟའུ་རྫོང་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་དེ་མཁོ་བསྟུན་རྗེས་གྲབས་སྨན་ཁང་དུ་བསྒྱུར་ནས་འགོས་ནད་ཀྱི“ཁུལ་གསུམ་གྱི་བགྲོད་ལམ་གཉིས”བཙུགས་པ་དང་། ཆེད་མཁས་མི་སྣ་དག་གིས་གསལ་འབྱེད་བྱས་པ་བརྒྱུད་འབྲེལ་ཡོད་ཚད་གཞིར་སླེབས་ཡོད་པར་བསྟན། མིག་སྔར་སྨན་ཁང་ནང་ནད་ཁང13དང་ཉལ་ཁྲི34སྤྱོད་འགོ་ཚུགས་ལ། ནད་ཁང་ཚང་མར་གསང་སྤྱོད་དང་དྲོད་ལེན་སྒྲིག་ཆས་མཁོ་སྤྲོད་བྱས་པ་མ་ཟད་འཚོ་བའི་མཁོ་ཆས་ཀྱང་གྲ་སྒྲིག་བྱས་ཡོད། ཡང་མཐོ་སྒང་ས་ཁུལ་གྱི་གནམ་གཤིས་འཁྱགས་པར་དམིགས་ནས་ནད་ཁྲི་རེར་ཉལ་ཐུལ་གཉིས་བཀོད་སྒྲིག་བྱས་ཡོད་པ་རེད།

ཟླ2བའི་ཚེས19ཡི་ཕྱི་དྲོར། སྨན་བཅོས་སྲུང་སྐྱོབ་རླངས་འཁོར་ཞིག་རྟའུ་རྫོང་གི་མཁོ་བསྟུན་རྗེས་གྲབས་སྨན་ཁང་དུ་སླེབས་པ་དང་། ཏོག་གསར་གློ་ཚད་བྱུང་བའི་ནད་པ་ཁག་དང་པོ་སྨན་བཅོས་མི་སྣའི་ལྟ་རྟོག་འོག་འགོས་ནད་ནད་ཁང་དུ་བསྡད་པ་དེས་རྟའུ་རྫོང་གི་མཁོ་བསྟུན་རྗེས་གྲབས་སྨན་ཁང་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།