རྟའུ་རྫོང་ཁོ་ནར་ནད་པ57ཐོན་དོན་ཅི། ལན་འདིར་ཡོད།

640.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་2ཚེས་17ཉིན་གྱི་ཆུ་ཚོད་24བར་དཀར་མཛེས་ཁུལ་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་འགོས་པའི་ནད་པ་5མང་དུ་ཕྱིན་པ་ཚང་མ་རྟའུ་རྫོང་ནས་ཡིན་པ་དང་།བསྡོམས་རྩིས་བརྒྱབ་པ་ལྟར་ན་དཀར་མཛེས་ཁུལ་ཡོངས་ལ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་62ཟིན་པ་དང་།དེའི་ནང་རྟའུ་རྫོང་ཁོ་ནར་ནད་པ་57ཡོད་པ་རེད།

རྟའུ་རྫོང་དུ་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་གཅིག་བསྡུས་ཐོག་མང་དུ་འགྲོ་བའི་རྒྱུ་མཚན་གང་ཡིན་ནམ།རིམས་ནད་འདི་ད་དུང་མུ་མཐུད་ནས་འགོས་ཁྱབ་འགྲོ་སྲིད་དམ།

རྟའུ་རྫོང་གི་རིམས་ནད་གནས་ཚུལ།

ནད་གཞི་གཏན་འཁེལ་བྱུང་བའི་ནད་དཔེ་ཚང་མ་གཅིག་བསྡུས་ཀྱིས་ཤང་ལྔ་དང་གྲོང་རྡལ་གཅིག་བཅས་སུ་འདུས་པ། འགོ་ཁུངས་གཉིས་ནས་རིམས་ནད་མཆེད་པ།

དཀར་མཛེས་ཁུལ་དང་ལྷག་པར་དུ་རྟའུ་རྫོང་དུ་མིག་སྔར་རིམས་ནད་ཀྱི་གནས་ཚུལ་གང་འདྲ་ཡོད།

དཀར་མཛེས་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་།གསེར་རྟ་རྫོང་།འདབ་པ་རྫོང་བཅས་སུ་བྱུང་བའི་ཐོག་མར་ཝུའུ་ཧན་ནས་ནད་འགོས་པའི་ནད་དཔེ་5ཕུད། སྤྱི་ཟླ་2ཚེས་17ཉིན་གྱི་ཆུ་ཚོད་24བར་རྟའུ་རྫོང་དུ་གཏན་འཁེལ་བྱས་པའི་ཏོག་གསར་གློ་ཚད་ཀྱི་ནད་དཔེ་ཁྱོན་57ཡོད་པ་དང་།མིག་སྔར་ནད་པ་2དྲག་སྐྱེད་བྱུང་ཏེ་སྨན་ཁང་ནས་ཐོན་པ།གཞན་ཡང་དོགས་ཡོད་ནད་དཔེ་11དང་ནད་རྟགས་མེད་པའི་ནད་པ་16ཡོད་པ་དང་།དོགས་ཡོད་ནད་པ་དང་ནད་རྟགས་མེད་པའི་ནད་པ་དེ་དག་ཀྱང་ཏོག་གསར་གློ་ཚད་ཕོག་པའི་ནད་པར་གྱུར་བར་གཏན་འཁེལ་བའི་ཉེན་ཁ་ཡོད།རྟའུ་རྫོང་གི་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་དང་།དོགས་ཡོད་ནད་དཔེ།ནད་རྟགས་མེད་པའི་ནད་པ་བཅས་ཚང་མ་མ་ཟུར་ཤང་དང་།ཁང་གསར་ཤང་།དགེ་བཤེས་ཤང་།ཁུག་ཆ་ཤང་།སྦ་ཞབས་ཤང་།ཉི་མཚོ་གྲོང་རྡལ་བཅས་ཤང་ལྔ་དང་གྲོང་རྡལ་གཅིག་བཅས་སུ་གཅིག་བསྡུས་བྱས་ཡོད་པ་རེད།

ཟླ་1ཚེས་24ཉིན། རྟའུ་རྫོང་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་ཐོག་མ་དེ་གཏན་འཁེལ་བྱུང་རྗེས་འཕྲལ་དུ་འབྲེལ་གཏུག་དམ་ཟབ་བྱེད་མཁན་མི་སྣ་གྲལ་བཤེར་དང་ལོགས་བཀར།རིམས་ནད་རིག་པའི་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་ལས་དོན་སྤེལ་འགོ་བཙུགས་ཡོད།རིམས་ནད་རིག་པའི་བརྟག་དཔྱད་བྱས་འབྲས་ལ་གཞིགས་ན།རྟའུ་རྫོང་ཁོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོ་ཁུངས་གཙོ་བོ་གཉིས་ཡོད་པ་དང་།གཅིག་ནི་བློ་ཆེ་གེ་མོ་ནས་འགོས་པ་ཡིན་ཞིང་།ནད་པ་བློ་ཆེ་གེ་མོ་ཟླ་1ཚེས་9ཉིན་ནས་ཚེས་18ཉིན་བར། སྔ་རྗེས་སུ་ཁྲེང་ཏུའུ་དང་།ནན་ཁྲང་།མེ་ཧྲན་སོགས་སུ་སླེབས་ཡོད་པ་དང་།ཟླ་1ཚེས་18ཉིན་ཁྲེང་ཏུའུ་ནས་རྟའུ་རྫོང་དུ་ཕྱིར་ལོག་བྱས་རྗེས་མི་ཚོགས་འདུས་པའི་བྱེད་སྒོ་མང་པོར་ཞུགས་པ་མ་ཟད།ཁྱིམ་ཚང་མང་པོའི་ཁྱིམ་མི་དང་འབྲེལ་འདྲིས་བྱས། ཁོ་ནི་རྟའུ་རྫོང་གི་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོ་ཁུངས་གཙོ་བོ་དེ་ཡིན་པ་རེད།ཅིག་ཤོས་ནི་སྣུམ་ཟོམ་རླངས་འཁོར་གྱི་ཁ་ལོ་བ་འཇམ་ཆེ་གེ་མོ་སྤྱི་ཟླ་1ཚེས་20ཉིན་གྱི་སྔ་རྗེས་སུ་གཡག་རྔ་གྲོང་ཁྱེར་དང་ཁྲེང་ཏུའུ་གྲོང་ཁྱེར་སོགས་སུ་སླེབས་པ་དང་།ནད་ཕོག་རྗེས་མཉམ་སྐྱོད་རླངས་འཁོར་གྱི་ཁ་ལོ་བར་འགོས་ཤིང་།འགོ་ཁུངས་འདི་ལས་འཇམ་ཆེ་གེ་མོ་ཚུད་པའི་མི་གཉིས་ལ་འགོས་ཡོད་པ་རེད།

རྟའུ་རྫོང་གི་བྱེད་ཐབས།

ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་ནས་ཞིབ་བཤེར་བྱེད་དགོས་རིགས་ཐམས་ཅད་ཞིབ་བཤེར་བྱེད་པའི་བར།ནད་དཔེ་57གཏན་འཁེལ་དང་ཞིབ་བཤེར་བྱས་པ།

རིམས་ནད་ལ་དམིགས་ནས་རྟའུ་རྫོང་གིས་དམིགས་སུ་བཀར་ནས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་གང་དག་སྤེལ་ཡོད་དམ།

དཀར་མཛེས་ཁུལ་གྱིས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ།ཞིབ་བཤེར་བྱེད་དགོས་རིགས་ཐམས་ཅད་ལ་ཞིབ་བཤེར་བྱེད་པ་དང་བསྡུ་བཅོས་བྱེད་དགོས་རིགས་ཐམས་ཅད་བསྡུ་བཅོས་བྱེད་པ།རིགས་དབྱེ་བསྡུ་བཅོས་དང་ལོགས་བཀར་གསོ་རིག་ལྟ་ཞིབ་དོ་དམ་བཅས་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་དང་།དཀར་མཛེས་ཁུལ་དང་རྟའུ་རྫོང་གིས་རིམས་ནད་རིག་པའི་བརྟག་དཔྱད་གྲུབ་འབྲས་ལ་གཞིར་བཟུང་།རྟའུ་རྫོང་གིས་སྔ་རྗེས་སུ་ཤང་ལྔ་དང་གྲོང་རྡལ་གཅིག་བཅས་ནས་འབྲེལ་གཏུག་དམ་ཟབ་བྱེད་མཁན་དང་སྤྱིར་བཏང་གི་འབྲེལ་གཏུག་བྱེད་མཁན་སོགས་གཙོ་གནད་མི་སྣ་8463གྲལ་བཤེར་བྱས་པ་དང་།གཙོ་བོར་གཅིག་སྡུད་ལོགས་བཀར་དང་ཁྱིམ་སྡོད་ལོགས་བཀར་སོགས་རིགས་དབྱེའི་དོ་དམ་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱས་ནས་འགོ་ཁུངས་ཚོད་འཛིན་གང་ཐུབ་བྱས་ཡོད།

ཟླ་2ཚེས་17ཉིན་གྱི་ཆུ་ཚོད་24བར།འབྲེལ་གཏུག་དམ་ཟབ་བྱེད་མཁན་མི་སྣ་339བཅས་གཅིག་བསྡུས་ཐོག་ལོགས་བཀར་བྱས་ནས་གསོ་རིག་ལྟ་ཞིབ་བྱས་པ་དང་སྤྱིར་བཏང་གི་འབྲེལ་གཏུག་བྱེད་མཁན་མི་སྣ་1908ལ་ཁྱིམ་སྡོད་གསོ་རིག་ལྟ་ཞིབ་བྱེད་པའི་བྱ་ཐབས་སྤྱད་པ་དང་།དེ་བཞིན་འབྲེལ་གཏུག་དམ་ཟབ་བྱེད་མཁན་དང་སྤྱི་བཏང་གི་འབྲེལ་གཏུག་བྱེད་མཁན་སོགས་གཙོ་གནད་མི་སྣ་8463བཅས་ལ་ནད་རྟགས་ཐོན་ཡོད་མེད་ཐད་གསོ་རིག་དཔེ་ལེན་ནན་མོ་བྱས་པ་མ་ཟད།PCRཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ཡོད།ལས་དོན་སྒྲུབ་ཐབས་དེ་ཡང་ནད་ཕོག་རྗེས་ནད་དཔེ་གཏན་འཁེལ་བྱས་པ་ནས་ཞིབ་བཤེར་བྱེད་དགོས་རིགས་ཐམས་ཅད་ཞིབ་བཤེར་བྱེད་པའི་གྲལ་བཤེར་བྱེད་ཐབས་ལ་བསྒྱུར་ཡོད།དེའི་དམིགས་ཡུལ་ནི་དུས་ཡུན་ཐུང་ཤོས་ནང་ནད་དཔེ་གཏན་འཁེལ་བྱས་ནས་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་པ་དང་།འབྲེལ་གཏུག་དམ་ཟབ་བྱེད་མཁན་ལ་ཞིབ་རྩད་གཙང་ཆོད་ཀྱིས་གཅིག་བསྡུས་ཐོག་གསོ་རིག་ལྟ་ཞིབ་བྱས་ནས་འགོས་ཁྱབ་སྔོན་འགོག་བྱེད་པ།སྤྱིར་བཏང་གི་འབྲེལ་གཏུག་བྱེད་མཁན་ལ་ཁྱིམ་སྡོད་ལོག་བཀར་གྱི་གསོ་རིག་ལྟ་ཞིབ་བྱས་ནས་རིམས་ནད་འགོས་ཁྱབ་མི་འགྲོ་བ་བྱེད་ཆེད་བཅས་ཡིན།རྟའུ་རྫོང་གི་སྨན་བཅོས་སྟོབས་ཤུགས་ཇེ་ཆེར་གཏོང་ཆེད།ཞིང་ཆེན་དང་ཁུལ།རྫོང་ཁག་ནས་སྨན་དོན་ཆེད་མཁས་མི་སྣ་127རྟའུ་ལ་སྨན་བཅོས་རོགས་སྐྱོར་བྱེད་པར་མངག་གཏོང་བྱས་ཡོད།

སྔ་རྗེས་སུ་དཔེ་ལེན་ཞིབ་བཤེར་བྱས་པའི་འབྲས་བུར་གཞིགས་ནས།ཟླ་2པ་ནས་བཟུང་གཙོ་གནད་མི་སྣ་8463ལ་གསོ་རིག་གྲལ་བཤེར་བརྟག་དཔྱད་བྱེད་འགོ་བརྩམས་ཡོད།ཟླ་2ཚེས་17ཉིན་གྱི་ཆུ་ཚོད་24བར་ཁྱོན་མི་གྲངས་7018ལ་ཞིབ་དཔྱད་ཚད་ལེན་བྱས་ཟིན་པ་དང་།དེའི་ནང་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་57ཡོད་པ་དང་།དེ་བྱིངས་ད་དུང་གཙོ་གནད་མི་སྣ་1445ཡི་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཐོན་རྒྱུ་རེད།

ཟླ་2ཚེས་17ཉིན་ནས་བཟུང་།དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་ཆེད།དཀར་མཛེས་ཁུལ་བརྒྱུད་ནས་འགྲོ་འོང་བྱེད་པའི་རླངས་འཁོར་ཚང་མ་རྟའུ་རྫོང་ཁོངས་བརྒྱུད་མི་ཆོག་པར་བྱས་པ་དང་།ཆབས་གཅིག་རྟའུ་རྫོང་གི་ཤང་ལྔ་དང་གྲོང་རྡལ་གཅིག་བཅས་ནས་ཁྱིམ་མཚེས་རྫོང་ཁག་བར་བཀག་སྡོམ་ཁུལ་གསུམ་བཟོས་ཏེ་ཁུལ་དབྱེ་རིགས་དབྱེའི་རྣམ་པའི་ཐོག་ནས་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་ལེན་བསྟར་ཡོད་པ་རེད།

རྟའུ་རྫོང་གི་གནས་བབ།

རིམས་ནད་འགོ་ཁུངས་ཕྱིར་མི་མཆེད་པའི་སྔོན་འགོག་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ། ཤང་ལྔ་དང་གྲོང་རྡལ་གཅིག་བཅས་ཕུད་པའི་ནད་དཔེ་གཞན་པ་གནས་སྐབས་ཐོན་མེད་པ།

རྟའུ་རྫོང་གི་རིམས་ནད་ད་དུང་མུ་མཐུད་འགོས་ཁྱབ་འགྲོ་སྲིད་དམ།

དཀར་མཛེས་ཁུལ་གྱི་རྟའུ་རྫོང་ཕུད་པའི་དར་མདོ་གྲོང་ཁྱེར་དང་གསེར་རྟ་རྫོང་།འདབ་པ་རྫོང་བཅས་ཀྱི་ནད་དཔེ་5ནི་ཝུའུ་ཧན་ནས་ནད་འགོས་པའི་ནད་དཔེ་ཡིན་པ་དང་།དེ་ཚོ་ལས་མི་གཞན་ལ་འགོས་པའི་གནས་ཚུལ་བྱུང་མེད་ཅིང་།ཟླ་2ཚེས་17ཉིན་བར་མི་4སྨན་ཁང་ནས་ཐོན་ཡོད།མིག་སྔར་ལྕགས་ཟམ་རྫོང་དང་རོང་བྲག་རྫོང་སོགས་རྫོང་ཁག་14རུ་རིམས་ནད་འགོས་ཁྱབ་འགྲོ་བའི་གནས་ཚུལ་སྙན་སེང་འབྱོར་མེད།

རྟའུ་རྫོང་གིས་ཤང་ལྔ་དང་གྲོང་རྡལ་གཅིག་བཅས་ཀྱི་གཙོ་གནད་མི་ཚོགས་ལ་མུ་མཐུད་གྲལ་བཤེར་བྱས་པ་དང་དུས་མཚུངས་སུ་རིགས་དབྱེ་ལོགས་བཀར་གྱི་ཚོད་འཛིན་བྱེད་ཐབས་རབ་དང་རིམ་པ་ནན་སྤྱོད་བྱས་པས།རྟའུ་རྫོང་གི་རིམས་ནད་འགོས་ཁུངས་ཕྱིར་མི་མཆེད་པའི་སྔོན་འགོག་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད།ཟླ་2ཚེས་17ཉིན་བར་རྟའུ་རྫོང་གི་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ་ཚང་མ་ནི་ཤང་ལྔ་དང་གྲོང་རྡལ་གཅིག་བཅས་ཀྱི་ལོགས་བཀར་མི་ཚོགས་ནས་ཐོན་པ་རེད།

གཙོ་གནད་མི་ཚོགས་ཀྱི་དཔེ་མཚོན་འཚོལ་བསྡུ་ཞིབ་བཤེར་བྱས་པ་བརྒྱུད་སྔ་ཙམ་ཤེས་རྟོགས་ཐུབ་པ་དང་།སྔ་ཙམ་སྙན་སེང་ཞུ་བ།སྔ་ཙམ་ལོགས་སུ་དབྱེ་བ།སྔ་ཙམ་སྨན་བཅོས་ཐུབ་པ་བཅས་བྱས་ནས་ཕྱི་ཕྱོགས་ལ་མཆེད་ཉེན་ཡོད་པའི་འགོས་ཁུངས་ཚང་མ་གཅོད་གང་ཐུབ་བྱེད་བཞིན་ཡོད་པ་རེད།

མིག་སྔར་ཤང་ལྔ་དང་གྲོང་རྡལ་གཅིག་བཅས་ཕུད་པའི་རྟའུ་རྫོང་གི་ཤང་གྲོང་གཞན་དག་དང་དཀར་མཛེས་ཁུལ་གྱི་རྫོང་(གྲོང་ཁྱེར)གཞན་དག་ལ་ནད་དཔེ་བྱུང་བའི་སྙན་སེང་འབྱོར་མེད་པ་མ་ཟད། རྟའུ་རྫོང་དང་དེ་བཞིན་དཀར་མཛེས་ཁུལ་གྱི་ཁྲོམ་རའི་མཁོ་སྤྲོད་རྒྱུན་གཏན་ལྟར་ཡིན་པ་དང་བདེ་འཇགས་བཅོས་སྐྱོང་གི་སྒྲིག་ལམ་ཡག་པོ་ཡིན་པ།མང་ཚོགས་ཀྱི་གནས་བཟོད་བདེ་པོ་ཡིན་པ།སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་ཡིན་པ་བཅས་ཀྱི་གནས་བབ་འོག  ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་དང་སྤེལ་མུས་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།