སི་ཁྲོན་གྱིས《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་མང་ཚོགས་ཀྱི་སེམས་ཁམས་འགོག་སྲུང་ལག་དེབ》གློག་རྡུལ་དེབ་འགྲེམ་སྤེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   གསར་འགོད་པས་ཟླ2པའི་ཚེས15ཉིན་སི་ཁྲོན་སློབ་ཆེན་གྱི་ཧྭ་ཤིས་སྨན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྨན་ཁང་དེས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། སི་ཁྲོན་ཚན་རིག་ལག་རྩལ་དཔེ་སྐྲུན་ཁང་བཅས་དང་མཉམ་དུ་རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་ཡིག་དང་དབྱིས་རྒྱ་སྐད་ཡིག་གཉིས་ཀྱི་《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་མང་ཚོགས་ཀྱི་སེམས་ཁམས་འགོག་སྲུང་ལག་དེབ》གློག་རྡུལ་པར་གཞི་ཐོག་མ་པར་སྐྲུན་བྱས་ནས་ཀྲུང་གོའི་བོད་རིགས་ས་ཁུལ་དང་དབྱིས་རིགས་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ལ་རམ་འདེགས་བྱས།

སི་ཁྲོན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་སའི་ཞིང་ཆེན་ཞིག་ཡིན་ལ། སི་ཁྲོན་བོད་ཁུལ་ནི་ཀྲུང་གོའི་བོད་རིགས་ས་ཁུལ་ཆེ་གྲས་གཉིས་པ་དང་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི་དབྱིས་རིགས་འདུས་སྡོད་ཁུལ་ཆེ་ཤོས་ཞིག་རེད། སྐད་ཡིག་གཉིས་ཅན་གྱི་གློག་རྡུལ་དཔེ་དེབ་དེས་བོད་རིགས་དང་དབྱིས་རིགས་སྤུན་ཟླ་ཚོས་དཔེ་དེབ་བརྒྱུད་ནས་ནད་དུག་གསར་པའི་གློ་ཚད་ཅི་ལྟར་འགོག་སྲུང་བྱ་རྒྱུའི་ཕྱོགས་ལ་རོགས་རམ་བྱེད་ཐུབ། 

དཔེ་དེབ་དེ་གཉིས་ནི་སི་ཁྲོན་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་སེམས་ཁམས་ཐེ་གཏོགས་ལས་དོན་ཚོགས་ཆུང་གིས་རྩོམ་སྒྲིག་བྱས་པ་དང་། སྟབས་བདེ་ཞིང་གོ་སླ་བའི་དྲི་བ་དྲིས་ལན་གྱི་སྒོ་ནས་རིམས་ནད་ཁྲོད་མང་ཚོགས་ཀྱི་སེམས་ཁམས་གནད་དོན་དག་གོ་བདེ་ཤེས་སླའི་འགྲེལ་བཤད་བརྒྱབ་ནས་རིམས་ནད་བྱུང་ཚུལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སེམས་ཁམས་སྙོམས་སྒྲིག་བྱེད་ཚུལ་སོགས་ཡང་དག་པའི་སྒོ་ནས་གསལ་བར་བསྟན་ཡོད་པ་མ་ཟད། མང་ཚོགས་ཀྱིས་རིན་མི་དགོས་པར་ཕབ་ལེན་བྱས་ཆོག །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།