རྟའུ་རྫོང་གི་མི17ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག་པ་རེད།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན24རིང་གི་གཅིག་སྡུད་ཟུར་འཇོག་ལྟ་ཞིབ་ནན་པོ་བྱས་པ་བརྒྱུད་ཟླ2བའི་ཚེས16ཉིན་རྟའུ་རྫོང་གི་གཏན་ཁེལ་ནད་པ་དང་འབྲེལ་འདྲིས་ཟབ་མོ་ལྡན་པའི་མི17ལ་གཅིག་སྡུད་ཟུར་འཇོག་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག་པ་དང་། དེའི་ནང་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་གཉིས་ཀྱི་སྨན་བཅོས་མི་སྣ་ཐོག་མ་ཡང་འདུས་ཡོད་པ་རེད།

 ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གཅིག་སྡུད་ཟུར་འཇོག་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག་པའི་མི17དེ་རྟའུ་རྫོང་དུ་ཟླ1པའི་ཚེས25ཉིན་ནད་གཞི་ཐག་བཅད་པའི་ཅང་ཆེ་གེ་མོ་དང་ནད་རྟགས་མེད་པའི་ནད་པ་རྒྱལ་ཆེ་གེ་མོ་དང་འབྲེལ་འདྲིས་ཟབ་མོ་ཡོད་པ་དག་ཡིན་པས། རྟའུ་རྫོང་གི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་བཀོད་འདོམས་པུའུ་ཡིས་ཟླ1པའི་ཚེས4ཉིན་ཁོ་ཚོར་གཅིག་སྡུད་ཟུར་འཇོག་ལྟ་ཞིབ་བྱེད་ཐབས་སྤྱད།

ཟུར་འཇོག་བྱེད་རིང་ནད་གཞི་ཐག་བཅད་པའི་ནད་པ་དང་འབྲེལ་འདྲིས་ཟབ་མོ་ཡོད་པའི་མི17ལ་ལུས་པོའི་བརྟག་དཔྱད་དང་དཔེ་ལེན་ཞིབ་དཔྱད་ནན་པོ་བྱས་པ་མ་ཟད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་ཚོད་འཛིན་ཇུས་གཞི་གསར་བ་པར་འགྲེམས་བྱ་རྒྱུའི་སྐོར་གྱི་འཆར་འགོད》ཀྱི་པར་ངོས་བཞི་བ་དང《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྨན་བཅོས་ཇུས་གཞི》(པར་གཞི་ལྔ་བ)ཡི་གཏན་འབེབས་གཞིར་བཟུང་ནས། རྟའུ་རྫོང་གི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་ཚོད་འཛིན་དཔྱད་དཔོག་ཆེད་མཁས་ཚན་ཆུང་གིས་ད་གཟོད་མི17གྱི་ཟུར་འཇོག་སྨན་བཅོས་ལྟ་ཞིབ་བྱེད་མཚམས་འཇོག་རྒྱུའི་ཐག་བཅད་པ་རེད།

  རྟའུ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་མཚོ་མོ་ཡིས“བསྟུད་མར་ཉིན24རིང་གི་ལུས་དྲོད་བརྟག་དཔྱད་བྱས་པ་བརྒྱུད་དེ། རྒྱུན་ལྡན་མིན་པའི་གནས་ཚུལ་མ་བྱུང་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་གསུམ་སྲིབ་གཤིས་ཡིན་པས། ཞིང་ཆེན་དང་ཁུལ་གྱི་ཆེད་མཁས་ཚོགས་ཆུང་གིས་དཔྱད་དཔོག་བྱས་པ་བརྒྱུད་ང་ཚོས་ཁོང་ཚོར་སྨན་བཅོས་ལྟ་ཞིབ་བྱེད་མཚམས་འཇོག་པར་ཐག་བཅད་པ་ཡིན་ཞེས་བཤད། 

སྨན་བཅོས་ལྟ་ཞིབ་བྱེད་མཚམས་འཇོག་དུས་ཁོ་ཚོའི་ལུས་པོ་དང་སེམས་ཁམས་བདེ་ཐང་ཡིན་ལ། སྨན་པ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་ཁོ་ཚོ་ཕྱིར་རང་ཡུལ་དུ་ལོག་ཀྱང་ཉིན14ལ་རང་ཁྱིམ་ནས་འདུག་དགོས་པའི་བསམ་འཆར་བཏོན། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།