ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་འགོའི་སྙོམས་སྒྲིག་དང་ཚོད་ལྟའི་འཁོར་སྐྱོད་བྱས་རྗེས་རྔ་པ་ཁུལ་གྱི་རབས་གསར་པའི་ཏོའུ་ཕུ་ལེའི་གནམ་གཤིས་རེག་བརྡ་ཟླ་འདིར་དངོས་སུ་སྤྱོད་འགོ་བཙུགས་ཡོད།
རྔ་པ་ཁུལ་གྱི་རབས་གསར་པའི་ཏོའུ་ཕུ་ལེའི་གནམ་གཤིས་རེག་བརྡའི་མ་ལག་ནི་ཀྲུང་གོ་གནམ་གཤིས་ཅུས་དང་། སི་ཁྲོན་ཞིང་ཆེན་གནམ་གཤིས་ཅུས། རྔ་པ་ཀྲོའུ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་མ་དངུལ་སྒོར་ཁྲི3470བཏང་ནས་བསྐྲུན་པ་ཞིག་རེད། 2016ལོའི་ཟླ་དགུ་པར་རྣམ་གྲངས་འདི་རྔ་པ་ཀྲོའུ་ཡི་ཧུང་ཡོན་རྫོང་ཚལ་ཕྲན་ཉག་ཁའི་སྨི4300ཡི་རི་རྩེར་བསྐྲུན་པ་དང་། རྣམ་གྲངས་སྐྲུན་པར་དུས་ཡུན་ལོ་གསུམ་ཙམ་འགོར་ཡོད། ཉེ་ཆར་དངོས་སུ་བསྐྲུན་ཟིན་པ་དང་འབྲེལ་རྩིས་སྤྲད་པ་རེད།
རབས་གསར་པའི་ཏོའུ་ཕུ་ལེའི་གནམ་གཤིས་རེག་བརྡར“རིམ་འདས་རྒྱང་ཤེལ”ཞེས་འབོད་པ་དང་། དེ་ནི་མིག་སྔར་འཛམ་གླིང་གི་ཆེས་སྔོན་ཐོན་གྱི་གནམ་གཤིས་རེག་བརྡ་ཡིན་ཞིང་། དྲང་འཕྱང་ས་ངོས་ཀྱི་སྤྱི་ལེ8ནས12བར་གྱི་བར་སྣང་གི་གཏད་རྒྱུག་སྤྲིན་པའི་བང་རིམ་གྲུབ་སྟངས་དང་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་ཐུབ་པ་དང་སྤྲིན་པའི་འགུལ་སྐྱོད་མྱུར་ཚད་བརྡར་ཤ་ཐུབ་ནས་གནད་ལ་འཕིགས་པའི་ཆ་འཕྲིན་ཐོན་རྫས་རིགས72གྲུབ་ཐུབ།
རྔ་པ་ཁུལ་གྱི་མངའ་ཁོངས་སུ་སྣོད་བཅུད་ཐོན་ཁུངས་དང་། ཡུལ་སྐོར་ཐོན་ཁུངས། དྭངས་གཙང་ནུས་རྒྱུ་བཅས་ཕུན་སུམ་ཚོགས་པོ་ཡོད་པ་དང་། དེ་ནི་ཁྲེང་ཏུའི་ཐང་གཤོངས་དང་དེ་བཞིན་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི“ལྗང་མདོག་སྣོད་བཅུད་སྲུང་ཡོལ་ཁུལ”དང་གྲགས་ཅན་གྱི“སྲོག་ཆགས་རྩ་ཆེན་གྱི་གཞི་རྒྱུའི་མཛོད”རེད་ལ། རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།
རྔ་པ་ཁུལ་གནམ་གཤིས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། རྔ་པ་ཁུལ་གྱི་རབས་གསར་པའི་ཏོའུ་ཕུ་ལེའི་གནམ་གཤིས་རེག་བརྡ་བཙུགས་པས་རྔ་པ་ཀྲོའུ་ཡི“ས་ངོས་རྟེན་གཞི་དང་། བར་སྣང་རྟེན་གཞི། མཁའ་དབྱིངས་རྟེན་གཞི”བཅས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་རྔ་པ་ཁུལ་གྱི་གནམ་གཤིས་འཚོལ་ཞིབ་ཐིག་ལེན་བྱེད་ཐབས་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་གྲས་སུ་སླེབས་ཡོད། དེ་དང་དུས་མཚུངས་ས་མཐོའི་གཏད་རྒྱུག་གནམ་གཤིས་དྲག་པོར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ནུས་པ་ཆེ་རུ་ཕྱིན་པ་དང་། དུས་ཐུང་དང་། ཡུན་ཐུང་། ཉེ་བ་བཅས་ཀྱི་གནམ་གཤིས་སྔོན་བརྡའི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
སི་ཁྲོན་རྔ་པ་ཁུལ་གྱི“རིམ་འདས་རྒྱང་ཤེལ”དངོས་སུ་སྤྱོད་འགོ་ཚུགས་པ།