ཀུའུ་ཡུན་ལུང་མའོ་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཕེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས11ཉིན། ཁུལ་དམངས་འཐུས་ཀྱི་འཐུས་མི་དང་། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་མའོ་རྫོང་གི་འཐུས་མིའི་ཚོགས་པར་ཕེབས་ནས།《སྲིད་གཞུང་གི་ལས་ཀའི་སྙན་ཞུ》ལ་གྲོས་ཞིབ་བྱེད་སྐབས་ནན་གྱིས་གསུང་དོན། མའོ་རྫོང་གིས་སྙན་ཞུའི་དགོངས་དོན་ལག་བསྟར་ནན་ཏན་ཐུབ་པ་དགོས་ཤིང་། འཕེལ་རྒྱས་ཀྱི་འགུལ་ནུས་གོང་དུ་སྤེལ་ཏེ་འཕེལ་རྒྱས་མཐའ་ཆོད་པར་བྱེད་པ་དང་། ལས་དོན་སོ་སོ་ཁུལ་ཡོངས་ཀྱི་སྔོན་གྲལ་དུ་བསླེབ་ཐུབ་པར་བྱ་དགོས།    

ཀུའུ་ཡུན་ལུང་གིས་གསུང་དོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཁུལ་སྲིད་གཞུང་གི་ཚབ་མཛད་དེ་གནང་བའི་སྲིད་གཞུང་གི་ལས་ཀའི་སྙན་ཞུར། 2019ལོར་དཔལ་འབྱོར་རྒྱུད་མཐུད་ངང་མར་ཆག་པའི་གནོན་ཤུགས་ཆེན་པོ་དང་། རང་བྱུང་གི་གནོད་ཚབས་ཆེན་པོ་དང་། ཉེན་ཁ་མང་པོ་མཉམ་དུ་གནས་པའི་འོག་རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བར་གྲུབ་འབྲས་བཟང་པོ་བླངས་པར་དངོས་ཐོག་བདེན་འཚོལ་དང་། དོན་མཐུན་ཞིབ་ཚགས་ཀྱིས་ཕྱོགས་སྡོམ་གནང་འདུག་ལ། སྙན་ཞུར་ 2020ལོའི་ལས་ཀ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་འདུག་པར་མ་ཟད། དམིགས་འབེན་གསལ་བ་དང་། དོན་དངོས་དང་མཐུན་པས། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་བ་མཚོན་ཐུབ་ལ། དམངས་སེམས་སུ་དྲོད་ཁོལ་སྟེར་བར་བྱེད།  

འདས་མ་ཐག་པའི་ལོ་འཁོར་གཅིག་པོར་མཚོན་ན། རང་ཁུལ་ནི་འཕེལ་རྒྱས་གཏོང་དཀའ་བ་དང་། སྤྱི་ཁོག་གི་ཁོར་ཡུག་ཞན་པ་སོགས་འགྲན་སློང་མང་པོར་འཕྲད་པས།  ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བརྟན་འཇགས་ངང་གོང་དུ་སྤེལ་དཀའ་བ་དོན་དངོས་སུ་གྱུར་ཡོད།  ཁུལ་སྲིད་གཞུང་གིས་ཁུལ་ཨུའི་སྲ་བརྟན་གྱི་འགོ་ཁྲིད་དང་། ཁུལ་དམངས་འཐུས་དང་དེའི་རྒྱུན་ཨུ་ཁང་། ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག  མཐུན་སྒྲིལ་ཆེན་པོས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ། དཀའ་ངལ་ལ་སྐྲག་པ་མེད་ཅིང་། དཀའ་བ་ཡོད་དགུ་ཁྱད་དུ་བསད་དེ། གྲུབ་འབྲས་བཟང་ཙམ་བླངས་ཡོད་དེ། དཔལ་འབྱོར་བསྟུན་མར་འགྲིབ་པའི་གནོན་ཤུགས་ཆེ་ནའང་། ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་རྩ་འཇོག་པ་སོགས་བརྟན་འཇགས་ངང་གོང་དུ་འཕར་བར་བྱས་ཡོད། དབུལ་བྲལ་གནད་སྒྲོལ་གྱི་ཕྱོགས་སུའང་། རྫོང་ཁག་13པོ་དབུལ་བྲལ་ཐུབ་ཡོད་ལ། སྤྱི་ཚོགས་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་ཕྱིན་ཡོད་ལ། ལྷག་པར་དུ་རིག་གནས་ཀྱི་བྱ་གཞག་དང་། རིག་གནས་ཀྱི་ཐོན་ལས་སྐོར་ན་ནིང་དང་བསྡུར་ན་ཡར་རྒྱས་ཆེན་པོ་སོང་ཡོད། སྤྱི་ཚོགས་བརྟན་འཇགས་དང་། སྐྱེ་ཁམས་སྲུང་སྐྱོང་། སྐྱེ་ཁམས་འཛུགས་སྐྲུན། གནོད་རྗེས་བསྐྱར་བསྐྲུན། གནོད་འགོག་གནོད་སེལ་སོགས་སུའང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།

ཁོང་གིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པ་དང་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་སྲིད་གཞུང་གི་སྙན་ཞུར་གཞིགས་ནས་དམིགས་འབེན་གཏན་འབེབས་དང་། དཀའ་བ་ཁྱད་བསད། ཡར་རྒྱས་བརྩོན་ལེན་དགོས་ཤིང་། སྲིད་གཞུང་གི་སྙན་ཞུ་ནས་བསྟན་པའི་བློ་བརྟན་འགྱུར་མེད་བཅུ་ལ་དམ་པོར་གཞིགས་ཏེ། འབད་བརྩོན་ལྷོད་མེད་ཀྱིས་དཀའ་ངལ་མཐའ་དག་བསལ་ཞིང་། མཐུན་རྐྱེན་ཕན་ཐོགས་ཆེ་རིགས་ཀུན་ཁོང་དུ་ཆུད་པར་བྱས་ཏེ། དཔལ་འབྱོར་གྱི་འཕར་རྩ་གསར་འཚོལ་དང་། ལོ་གསར་བའི་ནང་གི་དམིགས་འབེན་གྱི་ལས་འགན་ཚང་མ་འགྲུབ་པར་བྱ་དགོས།      

མའོ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་མི་འདང་སར་དམིགས་ནས་ཀུའུ་ཡུན་ལུང་གིས་གསུང་དོན། མའོ་རྫོང་གིས་འཕེལ་རྒྱས་ཀྱི་འགུལ་ནུས་གོང་དུ་སྤེལ་ཏེ་འཕེལ་རྒྱས་མཐའ་ཆོད་པར་བརྩོན་པ་ཆེ་ཙམ་བྱས་ཏེ། “ཐོན་ལས་གསུམ”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས།  ཞིང་ལས་ཐོན་ཁུངས་ཀྱི་གནས་བབ་བཟང་པོ་བེད་སྤྱོད་ལེགས་པར་བྱས་ཏེ།  ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་གོང་དུ་སྤེལ་དགོས་ལ།  ཚོང་འགུགས་མ་རྩ་འགུགས་པར་ཤུགས་སྣོན་དང་། རང་འགུལ་གྱིས་ཁེ་ལས་ལ་འབྲེལ་མཐུད་བྱེད་པ་དང་། ཁེ་ལས་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་དང་། ཏེ་དབྱང་དང་རྔ་ཁུལ་གཉིས་ཀྱི་སྐྱེ་ཁམས་དཔལ་འབྱོར་ཐོན་ལས་གླིང་ཁུལ་བེད་སྤྱོད་ལེགས་པར་བྱས་ཏེ། མུ་མཐུད་མའོ་རྫོང་གི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། བདེ་ཐང་ཁམས་གསོའི་ལྗོངས་སྐོར་གྱི་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། མཛེས་ལྗོངས་ཁུལ་གཙོ་བོ་རྣམས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མུ་མཐུད་ལྗོངས་སྐོར་གྱི་ལས་རིགས་ཕུན་སུམ་ཇེ་ཚོགས་དང་། ལས་དོན་སོ་སོ་ཁུལ་ཡོངས་ཀྱི་སྔོན་གྲལ་དུ་བསླེབ་ཐུབ་པར་བྱ་དགོས་སོ།།  

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།