ལིའུ་ཕིང་ཀྲུའུ་ཞིའི་སྟེགས་བུར་བཞུགས། ཀུའུ་ཡུན་ལུང་གིས་ཚོགས་འདུའི་གཙོ་འགན་བཞེས། དབྱང་ཁེ་ཉིང་གིས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ཕུལ། ཉི་མ་འབུམ་ཚོགས་འདུར་ཕེབས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས11ཉིན་གྱི་སྔ་དྲོར། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་འབར་ཁམས་སུ་གཟབ་རྒྱས་ངང་འཚོགས། ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་མི་དམངས་འཐུས་མི་ཚོས་ཁུལ་ཡོངས་མི་དམངས་ཀྱི་རེ་བ་ཡིད་ལ་བཅངས་ཤིང་མཉམ་གཅིག་ཏུ་འཛོམས་ཏེ། རྔ་ཁུལ་གྱི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱ་རྒྱུ་རེད།
ཚོགས་ཆེན་དུ་ཞུགས་དགོས་པའི་འཐུས་མི་277ཡོད་ལ། དངོས་སུ་ཞུགས་པའི་འཐུས་མི་244ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ལིའུ་ཕིང་དང་ཀུའུ་ཡུན་ལུང་། ལི་ཝེ་གོ། ཝུའུ་ལི་ཡན། ཀའོ་ལི་ཞིན། ཝང་ཆོན། ལི་ཧུང་ཡུང་། ཝང་ཏེ་ཧའེ། པད་མ་བདེ་སྐྱིད། སྨི་ཅན་ཁང་། ཀྲང་ཕེ་ཡུན། ཀྲང་ཅན་བཅས་ཡིན།
དབྱང་ཁེ་ཉིང་དང་ཉི་མ་འབུམ། ལུའོ་ཀྲི་པོ། ཧྥན་ཅི་ཡུའེ། དབྱང་ཞིང་། དབྱང་ཧུང་ཧྲོའུ། ཀའོ་ཅ་ཅུན། ལིའོ་ཧྲེན་ཆང་། ཀྲང་ཐའོ། ཕན་ཀའོ་ཝེ། ཀྲེང་ལེ་སོགས་ཚོགས་འདུར་ཕེབས་པར་མ་ཟད། ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།
སྔ་དྲོའི་དུས་ཚོད་9ཐོག་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀུའུ་ཡུན་ལུང་གིས་ཚོགས་འདུའི་གཙོ་འགན་བཞེས་པར་མ་ཟད། ཚོགས་ཆེན་མགོ་ཚུགས་པ་བསྒྲགས་ཤིང་། ཚོགས་ཞུགས་པ་ཐམས་ཅད་ཡར་བཞེངས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྔམ་བརྗིད་དང་དཔའ་སྤོབས་ལྡན་པའི་རྒྱལ་གླུ་མཉམ་དུ་བླངས།
ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དབྱང་ཁེ་ཉིང་གིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་མཛད་ནས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ཕུལ། སྙན་ཞུ་ལ་2019ལོའི་ལས་ཀར་ཕྱི་མིག་བལྟས་པ་དང་། 2020ལོའི་དམིགས་འབེན་དང་ལས་འགན་གཙོ་བོ། 2020ལོའི་ལས་ཀའི་བཀོད་སྒྲིག་བཅས་ཁག་གསུམ་དུ་བགོས་ཡོད།
《སྙན་ཞུ》ལས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ། རང་ཁུལ་གྱིས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་ལ་ཀུན་ནས་སྐུལ་འདེད་གཏོང་རྒྱུ་མགོ་ཚུགས་པའི་ལོ་ཞིག་ཀྱང་རེད། ལོ་གཅིག་གི་རིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཁུལ་དམངས་འཐུས་དང་དེའི་རྒྱུན་ཨུ་ཁང་། ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་དང་རྒྱབ་སྐྱོར་འོག ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གནད་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་གྱི་སྒོ་ནས་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཅུང་ལེགས་པོར་འགྲུབ་ཡོད།
ལོ་གཅིག་གི་རིང་། དབུལ་བྲལ་གནད་སྒྲོལ་གྱི་འབད་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། གནོད་འགོག་གེགས་སེལ་ལ་རྒྱལ་ཁ་ཐོབ་པ་དང་། མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་བ་བྲིས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་དང་ཕན་འབྲས་ཇེ་ཆེར་ཕྱིན་པ་དང་། སྐྱེ་ཁམས་ཀྱི་གཞི་མདོག་སྔར་བས་མཛེས་སྡུག་ལྡན་པར་ཕྱིན་ཡོད་པ་དང་། སྒོ་འབྱེད་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད་ལ། དམངས་འཚོའི་དོན་དངོས་25ཚང་མ་ལེགས་འགྲུབ་བྱུང་ཡོད་ལ། དམངས་འཚོ་ལ་ཁས་བླངས་ཚད་ཚང་མ་ལེགས་པར་འགྲུབ་ཡོད། སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། སྨན་བཅོས་འགན་སྲུང་མ་ལག་འཐུས་སྒོ་ཇེ་ཚང་དུ་སོང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་8235གསར་སྣོན་བྱུང་བ་དང་།ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད་བརྒྱ་ཆ་4ཡི་ནང་ཚོད་འཛིན་བྱས་ཡོད། སྔོན་དཔག་བྱས་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཀྱི་ཡོང་འབབ་སོ་སོ་སྒོར་35301དང་སྒོར་14182ཡོད་པ་དང་། སོ་སོ་བརྒྱ་ཆ་8དང་བརྒྱ་ཆ་10ཡས་མས་འཕར་ཡོད་ལ་དུས་མཉམ་གྱི་དཔལ་འབྱོར་འཕར་ཚད་ལས་ཀྱང་ཤིན་ཏུ་མཐོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་སླར་ཡང་མཐོར་འདེགས་གསར་བ་བྱུང་ཡོད།
ལོ་གཅིག་གི་རིང་། དཔལ་འབྱོར་རྒྱུན་མཐུད་ངང་མར་ཆག་པའི་གནོན་ཤུགས་ཆེན་པོ་དང་། གནོད་འཚེ་མང་བོ་གཅིག་ཐོག་ཉིས་བརྩེགས་བྱུང་བ། ཉེན་ཁ་སྣ་ཚོགས་མཉམ་གནས་ཀྱི་ཉམས་ལེན་ལ་འཕྲད་དུས། ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱོགས་སོ་སོ་ནས་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་ཧུར་ཐག་བྱས་ཤིང་། བྱེད་ཕོད་སྒྲུབ་ཕོད་དང་། ལས་མཁས་སྒྲུབ་མཁས་ངང་འགན་འཁྲི་ཕྲག་ཏུ་བླངས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད་དེ། གཅིག་ནས་སྐྱེ་ཁམས་སྲུང་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱས་པ་དང་། ས་ཁོངས་ཧྲིལ་བོའི་སྐྱེ་ཁམས་ཀྱི་རྣམ་པ་གསར་བ་རགས་ཙམ་ཆགས་ཡོད། གཉིས་ནས་དཔུང་ཤུགས་ཆེན་པོས་དབུལ་སྒྲོལ་ལས་རྒྱལ་བར་སྐུལ་འདེད་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་བ་རིམ་བཞིན་མངོན། གསུམ་ནས་སྟོབས་ཤུགས་ཡོད་རྒུས་བརྟན་པོའི་ངང་འཕར་བར་བྱས་ཏེ། ལྗང་མདོག་ཐོན་ལས་ཀྱི་བཀོད་པ་གསར་བ་མགྱོགས་མྱུར་དུ་འཛུགས་སྐྱོང་བྱས། བཞི་ནས་ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོ་ལ་ཕན་པར་བྱས་ཏེ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་དམངས་ཡོངས་ཀྱིས་མཉམ་སྤྱོད་ཐུབ་པ་བྱས། ལྔ་ནས་ཕྱར་བ་གྲུ་འདེགས་ཀྱིས་དཀའ་ངལ་ཁྱད་དུ་བསད་དེ། སླར་གསོ་བསྐྱར་སྐྲུན་གྱི་རྣམ་པ་གསར་བ་ཕྱོགས་ཡོངས་ནས་མངོན་ཡོད། དྲུག་ནས་གོམ་སྟབས་མྱུར་ཞིང་བརྟན་པོའི་ངང་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། བསྙེགས་བརྒལ་མཆོང་སྐྱོད་ཀྱི་འགུལ་ནུས་གསར་བ་ཞིག་ཆགས་བཞིན་ཡོད། བདུན་ནས་ཁྲིམས་ལྟར་གསར་གཏོད་བཅོས་སྐྱོང་ཤུགས་ཆེ་རུ་བཏང་ནས། མཐུན་སྒྲིལ་འཆམ་མཐུན་གྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གོང་འཕེལ་བཅས་བྱུང་བར་མ་ཟད། ལོ་གཅིག་གི་རིང་ང་ཚོས་ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།
《སྙན་ཞུ》ལས་བསྟན་དོན། ད་ལོ་ནི་ལྔ་འཆར་བཅུ་གསུམ་པ་མཇུག་སྒྲིལ་བའི་ལོ་ཡིན་ལ། རང་ཁུལ་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཞིག་ཀྱང་ཡིན། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ་7.5ཡས་མས་འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་འཇོག་བརྒྱ་ཆ་10ཡན་འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བརྒྱ་ཆ་5ཡས་མས་འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་བརྒྱ་ཆ་10ཡས་མས་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཆ་སྙོམས་བཀོལ་སྤྱོད་ཡོང་འབབ་སོ་སོ་བརྒྱ་ཆ་8དང་བརྒྱ་ཆ་10ཡས་མས་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆ་4ཡི་ནང་དུ་ཚོད་འཛིན་ཐུབ་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆུ་ཚད་དང་དོ་མཉམ་དགོས། ཁོར་ཡུག་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་བྱ་དགོས། ཏང་གི་འགོ་ཁྲིད་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་ལས་དོན་ཁག་འཁོར་སྐྱོད་བརྟན་པོའི་ངང་རྒྱང་དུ་སྐྱོད་པ་དང་། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་རྒྱུན་འཁྱོངས་བྱས་ནས་འབྲི་ཆུ་དང་རྨ་ཆུའི་གསོན་ཤུགས་ནམ་ཡང་མི་ཉམས་པ་བྱེད་དགོས་པ་དང་། གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བྱ་དགོས་པ་དང་། དམངས་འཚོའི་འགན་སྲུང་ལམ་ལུགས་རྒྱུན་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་མྱོང་ཚད་མཐོ་རུ་གཏོང་དགོས་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱས་ནས་བཅོས་སྐྱོང་མ་ལག་གི་གཞི་རིམ་གྱི་རྨང་གཞི་བརྟན་པོར་འདིང་དགོས།
ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ལྕི་ཞིང་བླང་བྱ་མཐོ་ལ། འགྲན་སློང་མང་བ། ང་ཚོས་ངེས་པར་དུ་གཙོ་གནད་འབུར་ཐོན་དང་། གནད་འགག་དམ་འཛིན། ནུས་ཤུགས་གནད་འདོན་བཅས་བྱས་ཏེ། གཤམ་གསལ་གྱི་ལས་དོན་ཁག་ལེགས་པར་བསྒྲུབ་དགོས་ཏེ། གཅིག བློ་བརྟན་འགྱུར་མེད་ངང་མ་དངུལ་གཏོང་འཇོག་དམ་འཛིན་དང་ཞན་ཆ་གསབ་སྟེ།འགོམ་བརྒལ་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གཉིས། བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་ལ་མཐོང་ཆེན་དང་སྦགས་བཙོག་བཅོས་སྐྱོང་བྱས་ནས་སྐྱེ་ཁམས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། གསུམ། བློ་བརྟན་འགྱུར་མེད་ཀྱིས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕུགས་ཕན་དོན་གཉེར་གྱིས་དབུལ་སྒྲོལ་འབྱོར་འབྲིང་དུ་བསྐྱོད་པར་རྒྱལ་ཁ་ལེན་དགོས། བཞི། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞིང་ལས་སྟོབས་དང་ལྡན་ལ་གྲོང་གསེབ་མཛེས་སྡུག་ལྡན་པར་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ལྔ། བློ་བརྟན་འགྱུར་མེད་ངང་སྤུས་རྟགས་གཏོད་པ་དང་ཁོར་ཡུག་ལེགས་པོར་བཏང་སྟེ་ཁོངས་ཡོངས་ཀྱི་ལྗོངས་སྐོར་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། དྲུག བློ་བརྟན་འགྱུར་མེད་ངང་གྲུབ་ཚུལ་ལེགས་སྒྲིག་བྱས་ནས་རིགས་སྒྱུར་ལ་སྐུལ་འདེད་བཏང་སྟེ་ལྗང་མདོག་བཟོ་ལས་གོང་སྤེལ་ལ་སྐུལ་འདེད་གཏོང་དགོས། བདུན། བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་སྐུལ་འདེད་དང་སྒོ་འབྱེད་རྒྱ་ཆེར་བསྐྱེད་དེ། ཁྲོམ་རའི་གསོན་ཤུགས་ལ་སྐུལ་སློང་གང་ལེགས་བྱ་དགོས། བརྒྱད། བློ་བརྟན་འགྱུར་མེད་ཀྱིས་གཞི་རྩ་འགན་ལེན་དང་མཐའ་ཚད་བསྲུངས་ནས་དམངས་ཕན་དོན་དངོས་ཡག་པོར་བསྒྲུབ་དགོས། དགུ། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྐྱོང་ལ་ཤུགས་སྣོན་ཞིང་འཆམ་མཐུན་ལ་སྐུལ་འདེད་བཏང་སྟེ་ཞི་གནས་མཐུན་སྒྲིལ་གྱི་རྣམ་པ་སྲ་བརྟན་དུ་གཏོང་དགོས། བཅུ། བློ་བརྟན་འགྱུར་མེད་ཀྱིས་འགན་ནུས་བསྒྱུར་ཞིང་ཕན་ནུས་ཆེ་རུ་བཏང་སྟེ་སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
《སྙན་ཞུ》ལས་བསྟན་པར། འགན་འཁྲི་ཡིས་ལས་འགན་ཁུར་བར་འབོད་སྐུལ་གཏོང་ཞིང་། དངོས་སྒྲུབ་ཀྱིས་ཕུགས་འདུན་འགྲུབ་པར་བྱེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གསར་གཏོད་བྱེད་ཕོད་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཕྱོགས་ཡོངས་ནས་བཏོད་དེ“ལས་གཏོད་ཐེངས་གསུམ་པའི”རྣམ་པ་གསར་བ་ནུས་ཤུགས་ཡོད་རྒུས་གཏོད་དགོས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་འབད་བརྩོན་ལྷོད་མེད་བྱེད་དགོས།
གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཆོན་གྱིས《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་གྱི〈རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་སྲོལ་ཡིག〉ལ་བཟོ་བཅོས་སྐོར་གྱི་གཏན་འབེབས།(འཆར་ཟིན)》དང《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་(བཟོ་བཅོས་འཆར་ཟིན)》བཅས་ཀྱི་གསལ་བཤད་བྱས། དེ་མིན་གྲོས་ཚོགས་ལས《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། 2020ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ》དང་། 《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་2019ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་། 2020ལོའི་ནོར་སྲིད་སྔོན་རྩིས་ཀྱི་འཆར་ཟིན་སྐོར་གྱི་སྙན་ཞུ།》《ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་དུ་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་ཁ་སྣོན་སྐོར་གྱི་གྲོས་གཞིའི་གསལ་བཤད》བཅས་བཀྲམས་ནས་འཐུས་མི་རྣམས་ལ་གྲོས་ཞིབ་བྱེད་རྒྱུར་སྤྲད།
ད་དུང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་། ཁུལ་རིམ་གཞོན་པ་ཡན་གྱི་འགོ་ཁྲིད་བློ་མཐུན་རྣམས་གྲོས་ཚོགས་མགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།
ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མིན་པའི་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད། འབྲེལ་ཡོད་སྡེ་ཁག་གི་ཁུལ་རིམ་པའི་འགོ་ཁྲིད། ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས་ཀྱི་དྲུང་ཆེན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དྲུང་ཆེན་གཞོན་པ། ཁུལ་སྒྲིག་བཤེར་ཨུ་དང་ཁུལ་ཁྲིམས་གཅོད་ཁང་། ཁུལ་ཞིབ་དཔྱོད་ཁང་གི་འགན་ཁུར་བ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བ། མང་ཚོགས་རྩ་འཛུགས་ཚོགས་པའི་འགན་ཁུར་བ། ཞིང་ཆེན་དང་ཁུལ་རིམ་གཅིག་ལྕོགས་འགོ་ཁྲིད་ལས་ཁུངས་ཀྱི་འགན་ཁུར་བ།ཁུལ་སྡོད་དྲག་པོའི་ཉེན་རྟོག་པ་དང་ནགས་ཚལ་མེ་འགོག་རུ་ཁག་གི་འགན་ཁུར་བ། རང་ཁུལ་གྱི་ཁེ་ལས་ཁ་ཤས་ཀྱི་འགན་ཁུར་བ། རྒྱལ་ཡོངས་དང་ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རྫོང་སོ་སོའི་བོད་སྐྱོར་ལས་བྱེད་པའི་སྣེ་ཁྲིད་པ། རྫོང་སོ་སོའི་རོགས་སྐྲུན་ལས་བྱེད་པའི་འགན་ཁུར་བ་སོགས་ཟུར་ཞུགས་བྱས་ཡོད་ལ། ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཨུ་ཡོན་ཚང་མ་དང་ཟུར་ཞུགས་མི་སྣ་རྣམས་གདན་ཞུ་ལྟར་ཚོགས་ཆེན་ལ་ཟུར་ཞུགས་བྱས།
ཁུལ་རིམ་ལས་ཁུངས་ཀྱི་རྫོང་རིམ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་ཚོགས་ཆེན་ལ་ཟུར་ཉན་བྱས་སོ།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རྔ་བ་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་གཟབ་རྒྱས་ངང་འཚོགས།