དཀར་མཛེས་ཁུལ་དུ་རྡོ་ཆས་རྙིང་མའི་དུས་རབས་ཀྱི་ས་གནས24གསར་དུ་རྙེད།

1.jpg

མཁས་བ་དག་གིས་སྙན་ཞུ་འབུལ་བཞིན་པའི་ཚུལ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པའི་ཚེས11ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་རིག་རྫས་ཅུའུ་ཡིས་སྤེལ་བའི“2019ལོའི་སི་ཁྲོན་ཞིང་ཆེན་གྱི་གནའ་རྫས་རྟོག་ཞིབ་ལས་དོན་སྙན་ཞུ”ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དུ་རྡོ་ཆས་རྙིང་མའི་དུས་རབས་ཀྱི་ས་གནས24གསར་དུ་རྙེད་པ་དེས་སི་ཁྲོན་ནུབ་བྱང་མཐོ་སྒང་དུ་ཡུན་རིང་བོར་རྡོ་ཆས་རྙིང་མའི་དུས་རབས་ཀྱི་རྗེས་ཤུལ་གསལ་བོ་ཡོད་མེད་ཀྱི་སྟོང་ཆ་བསྐངས།

 ཤེས་རྟོགས་བྱུང་བར་གཞིགས་ན། བརྟག་དཔྱད་དེ་ནི་ཁྲོན་ནུབ་མཐོ་སྒང་གིས་ཅུང་ཡུན་རིང་བའི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་ཆེད་དོན་བརྟག་དཔྱད་བྱེད་ཐེངས་དང་པོ་ཡིན་པས་དོན་སྙིང་གལ་ཆེན་ལྡན་ལ། བརྟག་དཔྱད་བྱས་ནས་གསར་དུ་རྙེད་པའི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་ས་གནས་24ལ་ས་ངོས་ཀྱི་མཐོ་ཚད་མཐོ་ཞིང་། ཁྱབ་རྒྱ་ཆེ་བ། ནང་དོན་ཕུན་སུམ་ཚོགས་པ་སོགས་ཀྱི་ཁྱད་ཆོས་ལྡན།  ཁོང་ཚོས་ཁྱོན་བསྡོམས་སྡེར་དབྱིབས་རྡོ་ཉིང་དང་། སྟ་རེ། རྡེའུ་རིལ་སོགས་གནའ་རྫས100ལྷག་ཙམ་འཚོལ་བསྡུ་བྱས།   ཐེངས་དེའི་གནའ་རྫས་རྟོག་ཞིབ་ལས་རྙེད་པའི་སྟ་རེ་ནི་མིག་སྔར་ས་རིམ་ཟིན་ཐོ་འགོད་མཁན་ཁྲོད་རྒྱ་མཚོའི་ངོས་ལས་ཆེས་མཐོ་བ་ཡིན་པས། ས་གནས་དེ་དང་ཨེ་ཤེ་ཡ་ཤར་མའི་སྟ་རེའི་འབྱུང་ཁུངས་དང་བསྡུར་རྒྱུར་ཁུངས་སྣེ་གལ་ཆེན་མཁོ་འདོན་བྱས་ཡོད་པ་མ་ཟད། དེས་མཚོ་བོད་མཐོ་སྒང་ཡར་འཕགས་པའི་རྒྱབ་ལྗོངས་འོག་གི་གནའ་བོའི་མིའི་རིགས་ཀྱི་འགུལ་སྐྱོད་གནས་ཚུལ་དང་། དེ་བཞིན་མི་དང་ས་ཁོངས་ཀྱི་འབྲེལ་བ་རིམ་འགྱུར་ཐད་ལའང་རིག་གཞུང་གི་དོན་སྙིང་དང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་པ་རེད།

  ངོ་སྤྲོད་བྱས་པ་ལྟར་ན། 2019ལོར་སི་ཁྲོན་གནའ་རྫས་རྟོག་ཞིབ་མཁས་བ་ཚོས་རི་ཐང་དུ་བསྐྱོད་པ་དང་ཞིབ་འཇུག་ལས་དོན་མཉམ་དུ་སྤེལ་ཏེ། ཁོང་ཚོ་ཁྲིན་ཏུའུ་བདེ་ཐང་དང་། སི་ཁྲོན་གྱི་ནུབ་བྱང་། སི་ཁྲོན་གྱི་ནུབ་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད་བཅས་ཀྱི་མཐོ་སྒང་རི་ཁུལ་དུ་བསྐྱོད་པ་མ་ཟད། ད་དུང་ཡུན་ཀོས་མཐོ་སྒང་དང་། ལེའུ་དབྱང་བདེ་ཐང་དང་ཧིན་རྡུ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་བཅས་སུ་བསྐྱོད་ནས་གནའ་རྫས་རྟོག་ཞིབ་ཀྱི་དཔྱད་གཞི་རྩ་ཆེན་རྙེད་དེ་ཞིབ་འཇུག་ཏན་ཏིག་བྱས།

 ཉིན་དེའི་སྙན་ཞུའི་ཚོགས་འདུའི་ཐོག་ན་གཞོན་མཁས་པ9ཡིས་སོ་སོའི་ཚོགས་པའི་ཚབ་བྱས་ནས་ལས་དོན་སྙན་ཞུ་ཕུལ་ཞིང་། ནང་དོན་ལ《2019ལོའི་དཀར་མཛེས་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གསར་བ》དང་། 《ས་མཐོའི་གནའ་གྲོང་གནའ་ཤུལ་གྱི་སྐྱེ་དངོས་ཤུལ་བཞག་ཕྱོགས་བསྡུས་ཞིབ་འཇུག་གི་འཕེལ་རིམ་གནད་བསྡུས》《ལི་རྫོང་སྤྲེའུ་བྲག་ཕུག་གི་གནའ་ཤུལ་དང་འཕྲད་པའི་སྔོག་འདོན》《ཁྲིན་ཏུའུ་གྲོང་ཁྱེར་མཐོ་གསར་ཁུལ་ཧྲོང་ལུང་གྲོང་ཚོའི་ཀྲན་གོའི་དུས་རབས་ཀྱི་བང་སོ་སྔོག་འདོན་མདོར་བསྡུས》སོགས་འདུས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།