རྔ་བ་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུར་ལ་དམིགས་ནས་མྱུར་བགྲོད་གཞུང་ལམ་ཆེན་པོ་གསུམ་མགྱོགས་མྱུར་གྱིས་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་ཞན་པ་ནི་སི་ཁྲོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་གནད་དོན་གཙོ་བོ་ཞིག་ཡིན་པ་རེད། ད་ལོར་རྔ་བ་ཁུལ་གྱིས་“འགྲིམ་འགྲུལ་མྱུར་བགྲོད་གཞུང་ལམ”དང་། “ཆ་འཕྲིན་མྱུར་བགྲོད་གཞུང་ལམ”“གློག་ཤུགས་མྱུར་བགྲོད་གཞུང་ལམ”བཅས་ཀྱི“མྱུར་བགྲོད་གཞུང་ལམ”འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པའི་ལོ་གསུམ་གྱི་བྱེད་སྒོ་སྤེལ་གང་ཐུབ་ཀྱིས་འཕེལ་རྒྱས་ཀྱི་རྨང་གཞི་འཛུགས་དགོས་པའི་གཏན་འབེབས་གསལ་བོ་གནང་།

ཟླ1པོའི་ཚེས7ཉིན་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གཞི་སྟེ། ལི་རྫོང་སེང་གེ་ཐང་ཕུག་ལམ་ཚོགས་པའི་ནང་ལས་བཟོ་པ400ཙམ་གྱིས་ལས་རིམ6ཙམ་ལ་བགོས་ནས་དུས་གཅིག་ཏུ་ལས་འགོ་བཙུགས་པ་རེད། ལས་གཞིའི་རྣམ་གྲངས་ཀྱི་འགན་འཁུར་བ་གཙོ་བོ་དབྱང་པའོ་ཧྥུང་གིས་སྔོན་དཔག་བྱས་ན་ད་ལོའི་ཟླ9པར་ཕུག་ལམ་ལེགས་འགྲུབ་འབྱུང་ངེས་ཡིན་པས་སྐབས་དེ་དུས་དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱེད་རྒྱུ་ཡིན་པ་དང་། ཁྲེང་ཏུའུ་ནས་གྲོང་སྐོར་མྱུར་བགྲོད་གཞུང་ལམ་ནས་ཐོན་ཏེ་ཆུ་ཚོད3.5ཙམ་ནང་འབར་ཁམས་གྲོང་ཁྱེར་དུ་འབྱོར་ཐུབ་ངེས་རེད་ཅེས་ངོ་སྤྲོད་བྱས་པ་རེད།

དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་འགྲིམ་འགྲུལ་སྔོན་དུ་བསྐྱོད་དགོས། འོན་ཀྱང་འགྲིམ་འགྲུལ་གྱི་རྨང་གཞི་ཞན་པ་དང་། རྔ་བ་ཁུལ་དུ་འགྲོ་འོང་བྱེད་པའི་མྱུར་བགྲོད་བགྲོད་ལམ་དང་ཉེན་སེལ་གེགས་འགོག་གི་ཚེ་སྲོག་མྱུར་སྐྱོབ་བགྲོད་ལམ་ཆ་རྐྱེན་ཞན་པས། གཞུང་ལམ་ཤར་གཏོང་ནུས་པ་དང་གེགས་འགོག་ནུས་པ་རང་བཞིན་དུ་ཆུང་བ་རེད། ན་ནིང་དབུན་ཁྲོན་དུ“8·20”དྲག་ཆར་བབས་ནས་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་བྱུང་ནས་དབྱིང་དབུན་མྱུར་བགྲོད་གཞུང་ལམ་ཆད་ནས་རྔ་བ་ཁུལ་དུ་འགྲོ་འོང་བྱེད་སྐབས་སྐོར་ནས་སྐྱོད་དགོས་ཀྱི་ཡོད།

ཉེ་ཆར་འཚོགས་པའི་རྔ་བ་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག “འགྲིམ་འགྲུལ་མྱུར་བགྲོད་གཞུང་ལམ”དང་། “ཆ་འཕྲིན་མྱུར་བགྲོད་གཞུང་ལམ”“གློག་ཤུགས་མྱུར་བགྲོད་གཞུང་ལམ”བཅས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པའི་ལོ་གསུམ་བྱེད་སྒོ་གཏིང་ཟབ་ཏུ་གཏོང་དགོས་པར་བསྟན། 

འགྲིམ་འགྲུལ་འཛུགས་སྐྲུན་གྱི་བྱ་བ་དམིགས་བསལ་དུ་འཛིན་དགོས། “ལོ་གསུམ་གྱི་རིང་འགྲིམ་འགྲུལ་འཛུགས་སྐྲུན་གྱི་བྱ་གཞག་གལ་ཆེན་དུ་བཟུང་སྟེ་ལག་བསྟར་བྱེད་དགོས། “རྔ་བ་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཁུལ་ཡོངས་སུ་འགྲིམ་འགྲུལ་ལས་གཞིའི་རྣམ་གྲངས་64ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར2525བཏང་ཡོད་ཟེར།

འཆར་འགོད་གཞིར་བཟུང་། ལོ་གསུམ་ནང་རྔ་བ་ཁུལ་གྱིས་དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དང་། སི་ཁྲོན་ནས་ཅིའུ་ལུང་བར་དང་། ཅིའུ་རུའོ་ལམ། ཐའེ་མ་ལམ་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ14རྒྱས་སྐྲུན་བྱ་རྒྱུ་དང་། ཏུའུ་ཅང་ཡན་ནས་སྒོ་ལ་བར་གྱི་ལྕགས་ལམ་འགྲིམ་འགྲུལ་ལས་གཞིའི་རྣམ་གྲངས་དང་ཅིའུ་མེན་མྱུར་བགྲོད་གཞུང་ལམ་དང་ཅིའུ་མ་མྱུར་བགྲོད་གཞུང་ལམ་གྱི་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། ཁྲིན་ཏུའུུ་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཝུན་ཁྲོན་ནས་ཕེང་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ཀྱི་ལས་གཞིའི་རྣམ་གྲངས་འགོ་རྩོམ་ཐུབ་པར་བརྩོན་ལེན་བྱས་ཏེ། “ཕྱི་ནང་གཉིས་ལ་ཤར་གཏོང་ཐུབ་པ་དང་། མྱུར་སྐྱོད་དང་དལ་སྐོར། བདེ་འཇགས་དང་ལས་ཆོད་ཆེ་བ”བཅས་ཀྱི་འགྲིམ་འགྲུལ་དྲ་བ་ཆགས་པར་བྱེད་དགོས།

“ཆ་འཕྲིན་མྱུར་འགྲོད”ཐད་རྔ་བ་ཁུལ་གྱིས་མྱུར་བགྲོད་འོད་དྲ་དང་། སྤོ་སྒུལ་འཕྲིན་གཏོང་སྦྲེལ་ཚིགས། སྐུད་མེད་ཁྱབ་ཆུང་དྲ་རྒྱ་སོགས་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་ནས། ཁུལ་ཡོངས་ཀྱི་འཕྲིན་གཏོང་དྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་ཧུར་ཐག་གིས5Gའཛུགས་སྐྲུན་དང་ཚོང་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རེད། “ད་ལོར་ཁུལ་ཡོངས་སུ5Gསྦྲེལ་ཚུགས900ལྷག་ཙམ་བསྐྲུན་རྒྱུ་རེད། ཅེས་རྔ་བ་ཁུལ་དཔལ་འབྱོར་ཆ་འཕྲིན་ཅན་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས་བཤད།

“གློག་ཤུགས་མྱུར་བགྲོད་གཞུང་ལམ”ཐད་རྔ་བ་ཁུལ་གྱིས་ཅིན་ཁྲོན་ནས་མན་དབྱང་བར་གྱི་སྟོང་ཧྥུའུ1000གི་ཆེས་མཐོ་གནོན་གློག་ཤུགས་དང་། དེ་བཞིན་ལྷོ་ནུབ་དང་ནུབ་བྱང་གི་སྟོང་ཧྥུའུ500ཡི་གློག་སྐྱེལ་གློག་སྒྱུར་སོགས་ཀྱི་ལས་གཞིའི་རྣམ་གྲངས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ་དང་། སྟོང་ཧྥུའུ220དང་སྟོང་ཧྥུའུ110ཡི་གློག་དྲའི་སྒྲོམ་གཞིའི་རྣམ་གྲངས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གློག་དྲ་འཐུས་ཚང་དུ་བཏང་ནས་གློག་དྲའི་གློག་འདོན་ནུས་པ་ཆེ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།