རྩོམ་སྒྲིག་པའི་གཏམ།
སྐྱེ་ཁམས་འཛུགས་སྐྲུན་འཕེལ་རྒྱས་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ཡག་པོ་གཏོང་བར་ངེས་པར་དུ་འགན་གཉིས་ཕྲག་ཏུ་འཁུར་དགོས། དེ་གཉིས་འཆམ་མཐུན་གཅིག་གྱུར་དང་གཅིག་རམ་གཅིག་འདེགས་ཀྱི་སྒོ་ནས་མདུན་དུ་བསྐྱོད་ཐུབ་པར་བྱ་ཆེད། ཧུང་ཧོ་ཁུལ་གྱིས་ཞིང་ཨུ་ཡིས་ཧུང་ཧོ་ཁུལ་གྱི་འཕེལ་རྒྱས་ཐད་བཏོན་པའི་ལྗང་མདོག་སྐྱེ་ཁམས་མཛེས་ལྗོངས་ཀྱི་དམིགས་ཚད་བླང་བྱ་གཞིར་བཟུང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱུན་སྲིང་འཕེལ་རྒྱས་ཀྱི་དོན་སྙིང་གསལ་བཤད་བྱས་ཡོད།
དམངས་ཀྱི་འདོད་བློ་བཞིན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་ཕྲག་ཏུ་འཁུར་དགོས།
སྐྱེ་ཁམས་ཁོར་ཡུག་བཟང་བོ་ནི་དྲང་སྙོམས་ཆེ་ཤོས་ཀྱི་སྤྱི་བའི་ཐོན་རྫས་ཤིག་དང་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་སྐྱིད་ཅིག་ཡིན་པས། དེ་འཛུགས་སྐྲུན་དང་བདག་སྐྱོང་བཟང་པོ་ཞིག་བྱ་རྒྱུ་ནི་ཧུང་ཧོ་མི་དམངས་ཀྱི་རེ་སྒུག་དང་སྲིད་སྐྱོང་གི་ལས་ཀའི་ཁ་ཕྱོགས་ཤིག་ཀྱང་ཡིན།
ཧུང་ཧོ་ཁུལ་གྱིས་ཕ་ས་ལ་འགན་འཁུར་བ་དང་ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལྟེ་བའི་དམིགས་ཚད་ལ་དམིགས་ཏེ་ཁོར་ཡུག་སྲུང་སྐྱོང་ལས་དོན་དེ་ཁུལ་མི་དམངས་སྲིད་གཞུང་གི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ་《ཧུང་ཧོ་ཁུལ་གྱི་ཆུའི་སྦགས་བཙོག་འགོག་བཅོས་ལས་དོན་ཇུས་གཞི》སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཡིག་ཆ་རབ་དང་རིམ་པ་བཏོན་པ་དང་ལག་བསྟར་བྱས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྫོང(གྲོང་ཁྱེར)ཨུ་ལྷན།རྫོང(གྲོང་ཁྱེར)སྲིད་གཞུང་བཅས་དང་ལོ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལྡན་གྱི་དམིགས་ཚད་ལ་མིང་རྟགས་བཀོད་པ་དང་། ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ལ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གཞོགས་འདེགས་རོལ་དབྱངས་སྙན་མོ་ཧུང་ཧོ་རུ་དཀྲོལ་བཞིན་ཡོད་པ་རེད།
ལས་ཀའི་ནང་རྐྱེན་སྒྲིག་འཛུགས་ཀྱི་ཐད་དུ། ཁོར་ཡུག་སྲུང་སྐྱོང་གི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་དང་《ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་འགན་འཁྲི་བདའ་འདེད་བྱ་ཐབས》སོགས་ཀྱི་བླང་བྱ་གཞིར་བཟུང་ཁུལ་ཨུའི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་བྱས་པའི་སྐྱེ་ཁམས་་དཔལ་ཡོན་འཛུགས་སྐྱོང་གི་སྣེ་ཁྲིད་མི་སྣའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་ཡང་བཙུགས།
སྲིད་ཇུས་དང་འཆར་གཞི་གཏན་འབེབས་ཀྱི་ཐད་དུ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། གད་སྙིགས་དང་བཙོག་ཆུ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། ལྗང་མདོག་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་《ཧུང་ཧོ་སྐྱེ་ཁམས་ཁུལ་འཛུགས་སྐྲུན་འཆར་འགོད(2011—2020)》སོགས་ཡིག་ཆ་མང་པོ་བཟོས་ནས་བཏོན་ཏེ་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ཡོད།
ལས་ཀའི་འགན་འཁྲིའི་ཐད་དུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རིམ་པ་ཁག་གི་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་དང་འབྲེལ་ཡོད་སྡེ་ཚན་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཁ་གསལ་བཟོས་ནས་རྫོང་རིམ་པའི་ཁོངས་གཏོགས་ས་ཁོངས་རིམ་པ་མང་པོར་དབྱེ་ནས་ལས་འགན་དང་འགན་འཁ་ཁ་གསལ་བཟོས་ཏེ་རྫོང་གིས་ཚོད་འཛིན་ཡན་གྱི་གཙོ་གནད་སྦགས་བཙོག་ཁེ་ལས་ཚང་མར་ཁྱབ་ཐུབ་པ་བྱེད་དགོས།
དཔྱད་ཞིབ་གདེང་འཇོག་གི་ཐད་དུ། འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་ཕྱོགས་ལྔ་གཞི་གཅིག་དང་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕན་འབྲས་དངོས་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་འཕར་ཚད་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་དང་དཔྱད་ཞིབ་རིམ་པ་དཔྱད་བསྡུར་གཏན་འབེབས་བྱས་པས། ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ལ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྐྱེ་ཁམས་འཛུགས་སྐྱོང་དང་། ཁོར་ཡུག་སྲུང་སྐྱོང་། ཐོན་ཁུངས་ཟད་གྲོན། ཐོན་ནུས་ལྷག་ཐལ་ཆེ་བ་སོགས་ཀྱི་དམིགས་ཚད་ཀྱི་དབང་ཚད་ཆེ་རུ་བཏང་བས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཁ་ཕྱོགས་མངོན་གསལ་དོད་པོ་བྱུང་བ།
ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་བདའ་འདེད་ནན་མོ་བྱས། ན་ནིང་ཧུང་ཧོ་ཁུལ་ཡོངས་ཀྱི་ཁོར་ཡུག་ཁྲིམས་འགལ་གྱོད་གཞི་235ལ་ཆད་པ་བཅད་པ་དང་དངུལ་ཆད་སྒོར་ཁྲི་1935ལྷག་ཙམ་བཏང་བ་རེད། 2018ལོའི་ཟླ་6ཚེས་5ཉིན་ནས་ཟླ་7ཚེས་5ཉིན་བར་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དྲུག་པའི་ཕྱིར་མིག་ལྟ་བའི་རིང་།ཁུལ་དེ་ལ་བརྒྱུད་སྒྲུབ་ཐེར་འདོན་ཡིག་ཆ་ཁག་28ཀྱི་གྱོད་གཞི་121འབྱོར་བ་ཚང་མ་ཐག་གཅོད་བྱས་ཚར་བ་དང་། ཁེ་ལས་110ལ་བཅོས་སྒྲིག་བྱེད་འགན་དཀྲིས་པ་དང་། ཁེ་ལས120ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱས་པ། ཁྲིམས་གཅོད་ཆོད་ཡིག་94སྤྲད་པ། དངུལ་ཆད་སྒོར་ཁྲི་328ལྷག་ཙམ་བཅད་པ་དང་། ཁེ་ལས་42ཐོན་སྐྱེད་ཚོད་འཛིན་དང་ཐོན་སྐྱེད་བྱེད་མཚམས་བཞག་པ་སོགས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་བདའ་འདེད་ནན་མོ་བྱས།
སྐྱེ་ཁམས་སྲུང་སྐྱོང་གི་འགན་ནི་རང་གཞན་ཀུན་གྱིས་འཁྲི། མ་འོངས་འཚོ་བ་སྐྱིད་པོ་རིས་སུ་མ་བོར་པར་ཀུན་གྱིས་རོལ། ཅེས་པའི་བློ་སྟོབས་ལ་བརྟེན་ནས་ཧུང་ཧོ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ལྗང་མདོག་གི་སྲོག་རྩ་སྲུང་སྐྱོང་བྱས། ནམ་མཁའ་དྭངས་གསལ་ལེར། ས་གཞི་ལྗང་ནེམ་མེར། རི་ཀླུང་སྔོ་ཐིང་ངེར། ད་ལྟའི་ཆར་ཧུང་ཧོའི་མི་མང་པོ་ཞིག་གིས་རང་གི་ཉེ་འགྲམ་དུ་སྙན་ངག་དང་རི་མོ་འདྲ་བའི་ཡུལ་ལྗོངས་ཇེ་མང་དུ་འགྲོ་བཞིན་པ་མིག་ཤེས་ཀྱིས་ཟིན་ཡོད།
སྡོང་འཛུགས་ནགས་སྐྲུན་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱིས་ཧུང་ཧོ་བརྒྱན་པ།
སྨི་ལེ་གྲོང་ཁྱེར་གྱི་བྱང་དུ་གནས་པའི་ཏན་ཤིས་གཙང་པོའི་དུས་ཐེངས་དང་པོའི་བཅོས་སྐྱོང་ཡུལ་དངོས་ནས་གསར་འགོད་པས་འདི་ལྟ་བུའི་ལྗོངས་ཁམས་ཤིག་མཐོང་བ་སྟེ། དྭངས་གསལ་གྱི་ནམ་མཁར་སྤྲིན་དཀར་ཐར་ཐོར་གཡོ་བའི་གདུགས་ཞབས་སུ་དྭངས་ཤིང་བསིལ་བའི་གཙང་ཆུའི་རླབས་ཕྲེང་རྩེན་པ་དང་། གསར་དུ་བཙུགས་པའི་གསོམ་སྡོང་དང་། རོང་སྡོང་། ཤིང་དྲི་ཞིམ་སོགས་སྔོ་ཐིང་ཐིང་དུ་གནས་པ་དང་། ཁ་བ་ལྟར་དཀར་བའི་སྐྱར་མོ་རྐང་རིང་གི་ཁྱུ་ཚོགས་ཆུ་འགྲམ་གྱི་སྡོང་བོའི་གསེབ་ཏུ་འཕུར་ལྡིང་གར་དུ་རྩེན་ཞིང་སྙན་པའི་སྐད་སྙན་ཅི་དགར་སྒྲོག
སྨི་ལེ་གྲོང་ཁྱེར་གྱི་མ་ཡུམ་གཙང་པོ་ཡིན་པའི་ཏེན་ཤིས་གཙང་པོར་སླར་ཡང་སྐྱེ་སྟོབས་རྒྱས་ཤིང་ཡིད་དུ་འོངས་པས། སྒྱུར་བཀོད་བྱས་རྗེས་ཀྱི་ཏེན་ཤིས་གཙང་པོ་དེ་གྲོང་མི་མི་ཉུང་བ་ཞིག་གི་འཆམ་འཆམ་བྱེད་སར་གྱུར་ཡོད། ཏེན་ཤིས་གཙང་པོའི་ས་ཁོངས་མི་འདྲ་བའི་ས་བཀོལ་སྦྱོད་ངོ་བོ་མི་གཅིག་པ་དང་ས་ཁོངས་ཁག་གི་མཛེས་ལྗོངས་ནུས་པ་གཙོ་བོར་གཞིགས་ཏེ་ཆུ་ལམ་ལ་ཅིན་ཕིང་གྲོག་རོང་གི་ཆུ་ཕྲན་དུམ་བུ་དང་། ཞིང་ཁའི་མཛེས་ལྗོངས་སྤྲོ་གསེང་དུམ་བུ། གྲོང་བྱང་རླན་སའི་སྤྲོ་གསེང་དུམ་བུ།ལའོ་ཁྲེང་ཧྭ་ཁོའུ་སྤྱི་གླིང་མཛེས་ལྗོངས་དུམ་བུ། ལོ་རྒྱུས་རིག་གནས་ཡུལ་སྲོལ་གོམས་གཤིས་དུམ་བུ། གྲོང་ལྷོའི་རིག་གནས་མཉམ་འདྲེས་འགྲེམས་སྟོན་དུམ་བུ། སྐྱེ་ཁམས་ཉམས་ལེན་དུམ་བུ་བཅས་སུ་དབྱེ་འདུག མིག་སྔའི་བར་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་6.5བཏང་བ་དང་། སྤྱི་ལེ་12.4ཡི་འབྲུབ་འགོག་འགྲོ་ལམ་དང་མཛེས་ལྗོངས་ཁུལ་36གི་ཆུ་རུད་ཁུལ་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད་འདུག
ཧུང་ཧོ་ཁུལ་གྱིས་2017ལོའི་ཟླ་7པར་གཙང་བོ་(མཚེའུ)བཅོས་སྐྱོང་ཡུན་རིང་གི་ལམ་ལུགས་ལག་ལེན་བསྟར་ནས་ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ལྟེ་བར་བྱེད་པའི་འགན་འཁྲིའི་མ་ལག་བཙུགས་པ་དང་། 2018ལོར་ཁུལ་དེ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་13གྱིས་གཅིག་སྡུད་རྣམ་པའི་འཐུང་ཆུའི་གནས་ཚུལ་ལ་དཔྱད་དཔོག་བྱེད་སྐབས་ཚོད་དཔོག་སྐར་གྲངས་90ལས་ཆེ་བའམ་མཚུངས་པ་ཡོད་པ་དང་། 2018ལོའི་ཟླ་1པོ་ནས་ཟླ་10བའི་བར་ཁུལ་དེ་ཡོངས་རྒྱལ་ཁབ་དང་ཞིང་ཆེན་གྱི་དཔྱད་ཞིབ་ནང་བཅུག་པའི་ས་ངོས་ཀྱི་ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་84.6%ཟིན་པ་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་དཔྱད་ཞིབ་ནང་བཅུག་པའི་ས་ངོས་ཀྱི་ཆུའི་སྤུས་ཚད་ཞན་པའི་རིགས་ཀྱི་ཆུའི་བསྡུར་ཚད་7.69%བར་ཆག་ཡོད་པ་རེད།
མོང་ཙེ་གྲོང་ཁྱེར་ཏེན་ནན་སྤང་ལྗོངས་སྐྱེ་ཁམས་གླིང་དུ་སྐྱོད་སྐབས་ཡུལ་ལྗོངས་རི་མོ་ལྟར་མཛེས་ཤིང་ལྟ་ན་སྡུག་པ་དང་། གང་སར་སྐལ་བཟང་མེ་ཏོག་ཚོམ་དང་ཚོམ་བུ་བྱས་ཏེ་བཞད་འདུག་ལ་པའེ་ལུའུ་མཚེའུ་ནམ་མཁའ་དང་འདྲིས་ཤིང་དྭངས་གཙང་ཡིད་དུ་འོང་བ་ཞིག་འདུག
2016ལོ་ནས་བཟུང་། ཧུང་ཧོ་ཁུལ་གྱི་རྫོང(གྲོང་ཁྱེར)13གྱི་གྲོང་ཁྱེར་འཆར་འགོད་ཁུལ་དུ་ནགས་ཚལ་སྤྱི་གླིང་11དང་རླན་སའི་སྤྱི་གླིང་3བསྐྲུན་པ་དང་དེ་ནི་ཁུལ་དེ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་འདུ་འགོད་ཅིག་ཡིན་པའི་ངོས་ནས་གླིང་གཉིས་ཀྱིས་གྲོང་ཁྱེར་གྱི་གློ་དང་གྲོང་ཁྱེར་གྱི་མཁལ་མའི་ནུས་པ་འདོན་སྤེལ་བྱས་ཡོད། དེ་དང་ཆབས་ཅིག མིག་སྔར་ནགས་ཚལ་སྤྱི་གླིང་དང་རླན་སའི་སྤྱི་གླིང་ཁག་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་དང་འབྲེལ་སྤྱི་ཚོགས་ལ་སྒོ་དབྱེ་ཡོད།
ལྗང་མདོག་ནི་ཚེ་སྲོག་གི་མཚོན་རྟགས་ཡིན་ལ། རང་བྱུང་ཁམས་ཀྱི་རྩ་བའི་ཁ་དོག་ཀྱང་ཡིན། ཧུང་ཧོ་ཁུལ་གྱི་ས་གཞི་ཆེ་མོའི་བཀྲག་མདངས་འཚེར་བར་བྱ་ཆེད། ཧུང་ཧོ་ཁུལ་གྱིས་ནགས་ཚལ་ལྡན་པའི་ཧུང་ཧོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་པ་དང་། ཁུལ་དེ་ཡོངས་ཀྱིས་ཁྱོན་ནགས་ཚལ་སྤྱི་ཆིང་ཁྲི་6.15ལྷག་ཙམ་བསྐྲུན་པ་དང་། ལམ་འགྲམ་གྱི་རི་བོའི་ངོས་རྒྱ་ཁྱོན་སྤྱི་ཆིང་ཁྲི་1.21ལྷག་ཙམ་སྔོ་འགྱུར་ཐུབ་ཡོད་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་སྔོ་འགྱུར་སྤྱི་ཆིང་142མང་དུ་ཕྱིན་ཡོད་ཅིང་། གྲོང་ཁྱེར་(རྫོང་གྲོང)བསྐྲུན་ཁུལ་གྱི་སྔོ་འགྱུར་ཁྱབ་ཚད་35%ཟིན་པ་དང་། མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་འགྱུར་སྨི་གྲུ་བཞི་12ཟིན་པ་བཅས་རེད།
ལྗང་མདོག་སྐྱེ་ཁམས་མཛེས་ལྗོངས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་དམིགས་ཏེ་ཧུང་ཧོ་ཁུལ་གྱིས་སྐྱེ་ཁམས་དམར་ཐིག་ཁུལ་གཏན་འབེབས་དང་དེ་ནན་སྲུང་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱ་རྒྱུ་དེ་དམངས་འཚོ་ནང་གི་སྔོན་ལ་འཇོག་པའི་ཁྱབ་ཁོངས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས་ས་ཚིགས་དང་། ཐིགངོས་བཅས་ལས་གྲུབ་པའི་ལྗང་མདོག་སྐྱེ་ཁམས་ཀྱི་བར་མཐོངས་ཀྱི་རྣམ་པ་བརྟན་དུ་བཏང་ཡོད། མིག་སྔར་ཁུལ་དེ་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་50.9%ཟིན།
སྐྱེ་ཁམས་དཔལ་ཡོན་བཟང་པོས་སྤུས་ལེགས་པའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ།
ཟླ་11ཚེས་14ཉིན་སྨི་ལེ་གྲོང་ཁྱེར་དུ་གནས་པའི་ཐའེ་ཕིང་མཚེའུ་ཡི་ནགས་ཚལ་གྲོང་རྡལ་ཆུང་ངུར་བསྐྱོད་ཅིང་། གནས་དེའི་རི་ཀླུང་ཀུན་མེ་ཏོག་གིས་བརྒྱན་ཞིང་ནགས་ཚལ་གྱིས་ཁྱབ་ཡོད་པས། དངོས་ཡོད་ཁྲོད་ཀྱི་བྱིས་སྒྲུང་གི་འཇིག་རྟེན་ཞིག་ཏུ་སླེབས་པ་དང་མཚུངས། སྔོན་ཆད་ང་ཚོའི་ཡུལ་འདི་མྱ་ངན་ཐང་ཞིག་ཡིན་པ་དང་ཆུ་ཡང་དཀོན། ཚེར་སྡོང་དང་རྩ་ལྡུམ་སོགས་རྟ་ནོར་གྱིས་ཀྱང་མི་ཟ། ད་ཆ་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། ཚང་མ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཡོད། ཅེས་ཤའོ་ཐའེ་ཕིང་སྡེ་བའི་སྡེ་མི་ཁང་ཀོ་ཆི་ཡིས་བཤད།
རྣམ་གྲངས་ལག་བསྟར་བྱེད་སྐབས་ང་ཚོས་སྐྱེ་ཁམས་སླར་གསོ་དང་དབུལ་བྲལ་གནད་སྒྲོལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ས་གནས་དེ་གའི་མང་ཚོགས་འཛུགས་སྐྲུན་དང་དོ་དམ་གྱི་ལས་ཀའི་ནང་ཞུགས་སུ་བཅུག་ནས་མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་རྣམ་གྲངས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་གླིང་གསར་སྤེལ་འཛུགས་སྐྲུན་ཁྲོད་གྲོང་མི་ཚོས་ས་ཞིང་བརྒྱུད་བཤུག་བྱས་ནས་བོགས་དངུལ་ལེན་པ་དང་ཆབས་ཅིག་ད་དུང་རང་གི་སྒོ་འགྲམ་ནས་ལས་ཀ་བྱས་ཏེ་ཡོང་འབབ་ལོན་བཞིན་ཡོད་པ་དང་། གྲོང་གསེབ་ཡུལ་སྐོར་སོགས་ཀྱི་ཐོན་ལས་ནང་ཞུགས་ནས་ལོ་ལྟར་ས་གནས་དེ་གའི་ཞིང་དུད་ཀྱི་དུད་ཚང་རེར་ཆ་སྙོམས་སྒོར་50000ཡན་ཡོང་འབབ་ལོན་རྒྱུར་སྐུལ་ཁྲིད་བྱས་བཞིན་འདུག
དཔལ་འབྱོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཚེ་སྐྱེ་ཁམས་སྔོན་ལ་སྐས་རིམ་གསར་པ་ཞིག་ཏུ་སླེབས་དགོས་པ་དང་། སྐྱེ་ཁམས་འཛུགས་སྐྲུན་སྔར་བས་ཇེ་ལེགས་སུ་བཏང་ན། དཔལ་འབྱོར་འཛུགས་སྐྲུན་ད་གཟོད་རིམ་བཞིན་ཇེ་མཐོར་འགྲོ་ཐུབ། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་པ་བྱས་ནས་ལྗང་མདོག་དཔལ་འབྱོར་དེ་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བ་བྱས་ཏེ་ལྗང་མདོག་གི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་སྐྱོད་ཐུབ་པ་བྱེད་དགོས།
ཟླ་11པའི་ཧ་ཉིའི་སྐས་ཞིང་ནི་མེ་ལོང་ལྟ་བུའི་འོད་འཚེར་བ་ཞིག་འདུག ཞོགས་པའི་ཉི་གཞོན་གྱི་འཆར་ཀ་སྐས་ཞིང་དུ་སྤྲོས་སྐབས་རིམ་པ་རེ་རེའི་སྐས་ཞིང་དུ་གསེར་འོད་འཕྲོ་བ་དང་དེའི་མཐའ་འཁོར་གནས་པའི་ཧ་ཉི་རིགས་ཀྱི་རི་གྲོང་དེ་སྨུག་སྤྲིན་གྱིས་བསྒྲིབས་ནས་ཡོད་ལ་གྲོང་དུ་ཉུལ་ན་རང་ཉིད་ཀྱང་རི་མོའི་ནང་དུ་འཚོས་ཡོད་པར་སྣང་།
ཧ་ཉི་སྐས་ཞིང་གི་ལྟེ་བའི་ཁུལ་དུ་གནས་པའི་ཉ་ཆེན་ཐང་གྲོང་ཚོའི་རྣང་མའི་བར་ན་བྱ་གག་པའི་ཁྱུ་གྲལ་སྟར་འགྲིག་པོར་བསྒྲིགས་ནས་ཡོད་པ་དང་འབྲས་ཞིང་ནང་གི་ནང་ཉ་ལི་ཡུས་ཆུ་ལ་རྩེན་བཞིན་ཡོད། ང་ཚོའི་གནས་འདི་ནི་རྒྱལ་ཡོངས་ཀྱི་འབྲས་དང་ཉ་བྱ་གག་པ་བཅས་འདེབས་འཛགས་གསོ་སྐྱོང་གི་དཔེ་སྟོན་རྟེན་གཞི་ཡིན་པ་དང་། དྲ་ཐོག་ཚོང་སྟེགས་ནས་ཕྱིར་ཚོང་བྱས་པ་བརྒྱུད་ད་ཆ་ཐོན་རྫས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། ཅེས་གྲོང་མི་ལི་ཀྲེང་ཕུའུ་ཡིས་གསར་འགོད་པར་དེ་ལྟར་བཤད།
སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་གཞིར་བཟུང་སྟེ། ཧ་ཉི་སྐས་ཞིང་གི་འབྲས་དང་ཉ། བྱ་གག་པ་བཅས་ཕྱོགས་བསྡུས་འདེབས་འཛུགས་གསོ་སྐྱོང་བྱེད་སྟངས་ལག་ལེན་བསྟར་ནས་ས་ཆ་དེས་ལོ་ངོ་སྟོང་གི་ཆུ་འབྲས་འདེབས་འཛུགས་བྱེད་ཐབས་རྐྱང་པ་ལ་འགྱུར་ལྡོག་བཏང་བས། མུའུ་1གི་སྐས་ཞིང་གི་ཡོང་འབབ་ནི་དེ་སྔའི་ལྡབ་2ནས་ལྡབ་3བར་འཕར་དང་། སྐས་ཞིང་སྲུང་སྐྱོང་ཡག་པོ་དང་དུས་མཚུངས་ས་གནས་དེ་གའི་མང་ཚོགས་དབུལ་བྲལ་ཕྱུག་འགྱུར་ཡོང་པའི་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྙེད་ཡོད།
2015ལོའི་ཀྲུང་གོའི་ལྗང་མདོག་གྲོང་ཁྱེར་བཅུ་དང་། 2017ལོར་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི་ཁོར་ཡུག་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པའི་ཁུལ(གྲོང་ཁྱེར)4ཡི་གྲས་སུ་བཞག་པ་དང་། 2018ལོར་ཡོན་དབྱང་ཧ་ཉི་སྐས་ཞིང་ཤུལ་བཞག་ཁུལ་ལ་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་རི་གཉིས་རིགས་པའི་གཞུང་ལུགས་ལག་ལེན་གསར་གཏོད་རྟེན་གཞི་ཞེས་མིང་བཏགས་པ་རེད།
དུས་ད་ལྟ་ལ་ཐོན་དུས།འདུ་ཤེས་ཟབ་ཏུ་ཕྱིན་པ་ནས་ལམ་ལུགས་འཛུགས་སྐྱོང་བར་དང་། དེ་ནས་ལག་ལེན་དངོས་ཀྱི་ཞིབ་དཔྱད་བར་བཅས་ཀྱི་ལྗང་མདོག་འདུ་ཤེས་ཀྱིས་མཐར་ཧུང་ཧོ་ཁུལ་གྱི་ས་གཞི་ཆེ་མོར་མཛེས་སྡུག་ལྡན་པའི་འབྲས་བུ་སྨིན་ཡོད་ཡོད། ནམ་མཁའ་སྔོ་ཞིང་དྭངས་པ་དང་། རི་དང་ནགས་ནི་ལྗང་ནེམ་མེར་དང་། གཙང་པོ་དང་མཚེའུ་ཡང་དག་གཙང་ཡིན་པས། ཧུང་ཧོ་ཁུལ་གྱི་སྤུས་ཚད་མཐོ་བའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་རྨང་བརྟན་པོ་ཡིན་པ་དང་། ཧུང་ཧོ་མི་དམངས་ཀྱི་འཚོ་བའང་ཡར་ངོས་ཟླ་ལྟར་འཕེལ་བཞིན་ཡོད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཧུང་ཧོ། རང་རྒྱལ་གྱི་རྒྱལ་མཚམས་སུ་བཏབ་པའི་གཡུ་ཡི་ཕྲ་ཆུང་། ཧུང་ཧོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་མཐོང་ཐོས།