འབྲིང་རིམ་ལས་རིགས་སློབ་གསོ་སྤེལ་ནས་སི་ཁྲོན་གྱི་ཞིང་འབྲོག་པའི་བུ་ཕྲུག་ཁྲི8ལྷག་ལ་དངོས་ཕན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཉེ་ཆར་འབྱོར་བའི་གཏམ་གསར། མི་རིགས་ས་ཁུལ་གྱི་སློབ་གསོའི་རྨང་གཞི་ཞན་པ་དང་སློབ་མ་ལས་ཞུགས་དཀའ་བ་སོགས་ཀྱི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། སི་ཁྲོན་གྱིས2009ལོར་བོད་རིགས་ས་ཁུལ་དུ་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་ལག་བསྟར་བྱས་ཏེ། དམའ་འབྲིང་ནས་ཐོན་པའི་སློབ་མ་རྣམས་ནང་ལོགས་ཀྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་སྤུས་ལེགས་སུ་ལོ3རིང་སློབ་ཡོན་མི་དགོས་པའི་ལས་རིགས་སློབ་གསོ་དང་ལེན་བྱེད་པའི་སྒྲིག་འཛུགས་བྱས་པ་རེད། ད་ཆ། འཆར་གཞི་དེ་བོད་རིགས་ས་ཁུལ་དང་ལིའང་ཧྲན་ཆེ་བ་དང་ཆུང་བའི་དབྱིས་རིགས་ས་ཁུལ་གྱི་ཤིན་ཏུ་དབུལ་ཕོངས་རྫོང45ལ་ཁྱབ་ཡོད། རིམ་རྩིས་བྱས་ན་བོད་རིགས་ས་ཁུལ་གྱི་སློབ་མ་ཁྲི5ལྷག་ཙམ་དང་ལིའང་ཧྲན་ཆེ་བ་དང་ཆུང་བའི་དབྱིས་རིགས་ས་ཁུལ་གྱི་སློབ་མ་ཁྲི3ཙམ་བསྡུས་པ་རེད།

ལོ་བཅུའི་རིང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ནས་འཆར་གཞི་དེར་སྒོར་དུང་ཕྱུར20.73བཏང་བ་རེད། ལས་རིགས་ལག་རྩལ་སློབ་གསོའི་གནས་བབ་གསར་པ་དེས་མི་རིགས་ས་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གསོའི་ཞན་ཆ་གསབ་སྟེ་སློབ་མ་ཚང་མ་སློབ་གྲྭར་བསྐྱོད་ཐུབ་པ་བྱུང་ཡོད་ཅེས་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ལན་ཐའོ་ཡིས་དེ་ལྟར་བཤད། སློབ་བསྡུའི་སློབ་མ་བརྒྱ་ཆ90ཡན་ཞིང་འབྲོག་པའི་དུད་ཚང་ནས་ཡིན་པ་དང་། ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མས་བརྒྱ་ཆ17ཡན་ལ་ཟིན་ནས། དེ་སྔའི་བོད་རིགས་དང་དབྱིས་རིགས་ས་ཁུལ་གྱི་དུད་ཚང་འགའི་དབུལ་ཕོངས་ཀྱིས་རྐྱེན་པས་སློབ་མཚམས་ཆད་པའི་གནད་དོན་ཐག་གཅོད་གང་ལེགས་བྱས་པ་རེད། ད་ཆ། སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ནས་ཐོན་པའི་སློབ་མ་ཁྲི4.2ལས་གནས་སུ་སླེབས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། སློབ་ཐོན་སློབ་མའི་ཁྲོད་ལོ་འཁོར་རེ་ལ་ཡོང་འབབ་སྒོར་ཁྲི3ཡན་ལ་ཟིན་པའི་བསྡུར་ཚད་བརྒྱ་ཆ64ཡིན་པ་དང་། སྒོར་ཁྲི5ཡན་ཟིན་པའི་བསྡུར་ཚད་བརྒྱ་ཆ22ཡིན་པས“མི་གཅིག་ལས་རིགས་སློབ་གསོར་ཞུགས་པ་དང་། མི་གཅིག་ལས་ཞུགས་ཐུབ་པ་བྱུང་ན། དུད་ཚང་གཅིག་དབུལ་ཐར་ཐུབ་པའི”ཕན་འབྲས་ཐོན་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།