དཀར་མཛེས་ཁུལ་གྱིས་ཁྲེང་ཏུའུ་རུ་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པ་རྒན་གྲས་ཀྱི་ལོ་གསར་པའི་ཇ་སྟོན་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ།སྤྱི་ཟླ་དང་པོའི་ཚེས6ཉིན། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་དམངས་ཆེན་གྱི་ཀྲུའུ་རེན་ལི་ཁང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་སོགས་ཁུལ་འགོ་ཁྲིད་ཀྱིས་དོ་ཁུར་ཆེན་པོ་གནང་ནས་ཁྲེང་ཏུའུ་རུ་རང་ཁུལ་གྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་གནང་བ་རེད། ལས་བྱེད་པ་རྒན་གྲས་ཚོས་དུས་ཡུན་རིང་པོའི་ནང་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཁོ་ཚོར་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་རེད།

  ལིའུ་ཁྲེང་མིང་གིས་ཁུལ་རིམ་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་འདས་ཟིན་པའི2019ལོར་ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་དམངས་འཚོའི་བྱ་གཞག་རྒྱུན་མི་ཆད་པར་ལེགས་བཅོས། སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་དང་བརྟན་ལྷིང་། ལས་བྱེད་པ་དང་མང་ཚོགས་འབད་འབུངས་ཡར་བརྩོན་ཆེ་བ་བཅས་བྱུང་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། གྲུབ་འབྲས་དེ་དག་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་རམ་བཅས་བྱེད་པ་དང་ཁ་བྲལ་ཐབས་མེད་པ་དང་ཚང་མས་སེམས་ནུས་དང་རྔུལ་ཆུ་བཏོན་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

   ལིའུ་ཁྲེང་མིང་གིས2020ལོ་ནི་ཁུལ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཞིག་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུའི་ལོ། ལོ་བརྒྱའི་འབད་འཐབ་དམིགས་འབེན་དང་པོ་མངོན་འགྱུར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་ལོ་བཅས་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་གཅིག་ཏུ་འཛིན་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ལུགས། གཞི་རྩའི་མཛད་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བྱེད་ཐུབ་པ་དང་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་ལ་དམིགས་ཤིང་། ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་གསུམ་འཛུགས་མཉམ་འགུལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲོང་སྡེ་དར་རྒྱས་སྐས་རིམ་བཞིན་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་ཡོང་བ། བཅོས་བསྒྱུར་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། བརྟན་བརླིང་ལ་འགན་ལེན་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་པར་ཁག་ཐེག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་རྒྱུན་བཞིན་བརྩེ་སེམས་ཟབ་མོ་བཅངས་ནས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ལས་བྱེད་པ་རྒན་གྲས་ལ་ཞབས་འདེགས་ཡག་པོ་ཞུས་ནས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབས་རྒྱུ་སྐུལ་འདེད་ཧུར་ཐག་གཏང་རྒྱུ་ཡིན་པ་དང་། ལས་བྱེད་པ་རྒན་པའི་ཐོབ་ཐང་སྣ་ཚོགས་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག་ཁོང་གིས་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཨུའི་ལས་བྱེད་པ་རྒན་གྲས་ཅུས། ལས་བྱེད་པའི་ལུས་གསོ་ཁང་བཅས་ཀྱིས་ལས་ཀའི་བྱ་ཐབས་སྔར་བས་ཞིབ་ཕྲ་བཟོ་བ་དང་། ལས་བྱེད་པ་རྒན་གྲས་ཀྱི་བསམ་འཆར་དང་གྲོས་འགོ་མ་བསྐུལ་དང་ལེན་ངང་ཉན་པ། ལས་བྱེད་པ་རྒན་གྲས་ཀྱི་ལུས་པོ་བདེ་ཐང་དང་རྒྱུན་གཏན་གྱི་འཚོ་བར་དོ་ཁུར་མང་ཙམ་བཅས་བྱས་ནས། ལས་བྱེད་པ་རྒན་གྲས་རང་ཉིད་ཀྱི་གཉེན་ཉེ་དང་རྒན་རབས་ལ་བརྩིས་ནས་ལྟ་སྟངས་གཅིག་མཚུངས་འཛིན་དགོས་པའི་བླང་བྱ་བཏོན་པ་རེད།

   བཞུགས་མོལ་ཚོགས་འདུའི་ཐོག་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་ཚོས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པར་མུ་མཐུད་ནས་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།