སི་ཁྲོན་གྱིས་མི་རིགས་ས་ཁུལ་གྱི་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོར་སྐུལ་འདེད་ བཏང་བས་ཞིང་འབྲོག་པའི་བུ་ཕྲུག་ཁྲི་8ཙམ་ལ་ཕན་པ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའ་འཕྲིན། མི་རིགས་ས་ཁུལ་གྱི་སློབ་གསོའི་རྨང་གཞི་ཞན་པ་དང་སློབ་མ་ལས་ཞུགས་དཀའ་བ་སོགས་ཀྱི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། སི་ཁྲོན་གྱིས་2009ལོར་བོད་རིགས་ས་ཁུལ་དུ“9+3”གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་ལག་བསྟར་བྱས་ཏེ། དམའ་འབྲིང་ཐོན་པའི་སློབ་མ་རྣམས་ནང་སའི་སྤུས་ལེགས་ཀྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭར་ལོ་3རིང་སློབ་ཡོན་མི་དགོས་པའི་ལས་རིགས་སློབ་གསོ་དང་ལེན་བྱེད་པའི་སྒྲིག་འཛུགས་བྱས་པ་རེད། ད་ཆ། འཆར་གཞི་དེ་བོད་རིགས་ས་ཁུལ་དང་ལིའང་ཧྲན་ཆེ་བ་དང་ཆུང་བའི་དབྱིས་རིགས་ས་ཁུལ་གྱི་ཤིན་ཏུ་དབུལ་བའི་རྫོང་45ལ་ཁྱབ་པས། རིམ་རྩིས་བྱས་ན། བོད་རིགས་ས་ཁུལ་གྱི་སློབ་མ་ཁྲི་5ལྷག་ཙམ་དང་ལིའང་ཧྲན་ཆེ་བ་དང་ཆུང་བའི་དབྱིས་རིགས་ས་ཁུལ་གྱི་སློབ་མ་ཁྲི་3ཙམ་བསྡུས་པ་རེད།

“ལོ་བཅུའི་རིང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ནས་འཆར་གཞི་དེར་སྒོར་དུང་ཕྱུར་20.73བཏང་བ་རེད། ལས་རིགས་ལག་རྩལ་སློབ་གསོའི་རྣམ་པ་གསར་པ་དེས་མི་རིགས་ས་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གསོའི་ཞན་ཆ་གསབ་སྟེ་སློབ་མ་ཚང་མ་སློབ་གྲྭར་བསྐྱོད་ཐུབ་པ་བྱུང་ཡོད”ཅེས་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ལན་ཐའོ་ཡིས་བརྗོད། སློབ་བསྡུའི་སློབ་མ་90%ཡན་ཞིང་འབྲོག་པའི་དུད་ཚང་ནས་ཡིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མས་17%ཡན་ཟིན་ནས། དེ་སྔའི་བོད་རིགས་དང་དབྱིས་རིགས་ས་ཁུལ་གྱི་དུད་ཚང་འགའི་དབུལ་ཕོངས་ཀྱིས་རྐྱེན་པས་སློབ་མཚམས་ཆད་པའི་གནད་དོན་ཐག་གཅོད་གང་ལེགས་བྱས་པ་རེད།

ད་ཆ། སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ནས་ཐོན་པའི་སློབ་མ་ཁྲི་4.2ལས་གནས་སུ་སླེབས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། སློབ་ཐོན་སློབ་མའི་ཁྲོད་ལོར་ཡོང་འབབ་སྒོར་ཁྲི་3ཡན་ཟིན་པའི་བསྡུར་ཚད་64%བཟུང་བ་དང་། སྒོར་ཁྲི་5ཡན་ཟིན་པའི་བསྡུར་ཚད་22%བཟུང་ནས“མི་གཅིག་ལས་རིགས་སློབ་གསོར་ཞུགས་དང་། མི་གཅིག་ལས་ཞུགས་ཐུབ་པ། དུད་ཚང་གཅིག་དབུལ་སྒྲོལ་ཐུབ་པའི”ཕན་འབྲས་ཐོན་བཞིན་ཡོད།

སློབ་གསོ་ནི་མི་རབས་ནས་མི་རབས་དབུལ་ཕོངས་ཀྱི་རྩ་བ་གཅོད་པའི་ཐབས་ཇུས་ཤིག་ཡིན་པ་དང་། ལས་རིགས་ལག་རྩལ་སློབ་གསོ་ནི་མི་རིགས་ས་ཁུལ་གྱི་མང་ཚོགས་དབུལ་སྒྲོལ་བྱུང་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་ཐབས་ལམ་ནུས་ལྡན་ཞིག་རེད། ཀྲང་ལན་ཐའོ་ཡིས། སི་ཁྲོན་གྱིས་མཐོ་རིམ་སློབ་གྲྭས་མི་རིགས་ས་ཁུལ་གྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་མ་བསྡུ་བའི་བསྡུར་ཚད་མཐོ་རུ་གཏོང་བ་སོགས་ཀྱི་སྲིད་ཇུས་བཟོས་ཏེ། དམའ་འབྲིང་ཐོན་པའི་སློབ་མ་ཚོས་ལས་རིགས་ལག་རྩལ་སློབ་གསོ་བརྒྱུད་ནས་སློབ་ཆེན་འགྲིམ་པའི་ཕུགས་འདུན་མངོན་འགྱུར་བྱེད་དུ་འཇུག་རྒྱུ་དང་ཆབས་ཅིག “3+2” “3+4”སོགས་ལས་རིགས་ལག་རྩལ་སློབ་གསོའི་སློབ་རིམ་སྤོར་བའི་བགྲོད་ལམ་སྔར་བས་ཤར་གཏོང་བྱས་ཏེ། འབྲིང་རིམ་ལས་རིགས་སློབ་གསོ་དང་། ཆེད་ཚན་རིམ་པའི་ལས་རིགས་སློབ་གསོ། དངོས་ཚན་རིམ་པའི་ལས་རིགས་སློབ་གསོ་སོགས་འབྲེལ་མཐུད་ཀྱི“ཤེས་ལྡན་མི་སྣའི་གསོ་སྐྱོང་སྣ་མང་ཅན”གཏོད་རྒྱུ་ཡིན་ཞེས་བརྗོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།