སི་ཁྲོན་ལི་ཐང་གིས2020ལོར་“ཟླ་རེར་བྱེད་སྒོ་ཡོད་ལ་དུས་བཞིར་བརྗོད་དོན་ཡོད་པའི”བྱེད་སྒོ་སྤེལ་རྒྱུ་རེད།

W020191226622274327979.jpg

 སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གིས་རྟ་རྒྱུག་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2020ལོར། སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གིས་“ཟླ་རེར་བྱེད་སྒོ་ཡོད་ལ་དུས་བཞིར་བརྗོད་དོན་ཡོད་པའི”བྱེད་སྒོ་སྟེ། རྟ་རྒྱུག་དང་གླུ་གར། ལུས་རྩལ་འགྲན་སྡུར། ས་མཐོའི་ཡུལ་ཟོག་ཉོ་བ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། དུས་བཞིའི་བརྗོད་དོན་གཙོ་བོ་ནི་དཔྱིད་གསར་དུས་ཚིགས་དང་ལུས་རྩལ་དུས་ཚིགས། རྩྭ་ཐང་དུས་ཚིགས། ཉམས་ལེན་དུས་ཚིགས་བཅས་སུ་དབྱེ་ཡོད་ཅིང་། དཔྱིད་གསར་བསུ་བའི་ཟླ་1པོར་“གནམ་ལོ་གསར་ཚེས་ལ་རྟེན་འབྲེལ་ཞུ་”བའི་བྱེད་སྒོ་སྤེལ་རྒྱུ་དང་། ཟླ་2པར་དཔྱིད་གསར་དུས་ཆེན་གྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་དང་སྤྲོ་སྣང་ལུས་རྩལ་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། ཟླ་3པར་“གསུམ་བརྒྱད་”བུད་མེད་དུས་ཆེན་ལ་དམིགས་ནས་གླུ་གར་འཁྲབ་སྟོན་དང་དེ་བཞིན་སྤྲོ་སྣང་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། ལུས་རྩལ་དུས་ཚིགས་ཀྱི་ཟླ་4པར་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་བྱ་རྒྱུ་དང་། ཟླ་5པར་ལྔ་བཞིའི་་གཞོན་ནུའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་དང་སྐབས་ལྔ་པའི་“མཁའ་དབྱིངས་ཀྱི་གྲོང་ཁྱེར་ལི་ཐང་དང་།” ཆེས་མཛེས་པའི་“རྒྱལ་ལམ་318ཐིག”དང“མཁའ་ལམ་དུ་བསྐྱོད་པའི་ལྕགས་རྟའི་འགྲན་སྡུར”བཅས་སྤེལ་རྒྱུ་ཡིན་འདུག ཟླ་6པར་དམངས་ཡོངས་ཀྱིསལྕགས་རྟ་ཞོན་ནས་གྲོང་ཁྱེར་ལ་སྐོར་བ་རྒྱག་པའི་འགྲན་སྡུར་སྤེལ་རྒྱུ་ཡིན་ཞིང་། རྩྭ་ཐང་དུས་ཚིགས་ཀྱི་ཟླ་7པར། དམངས་ཡོངས་ཀྱིས་གསར་བརྗེའི་གླུ་གཞས་འཁྲབ་སྟོན་བྱ་རྒྱུ་དང་། ཟླ་8པར་སི་ཁྲོན་དཀར་མཛེས་རི་ཁུལ་གྱི་ཡུལ་སྐོར་དུས་ཆེན་དང་ལི་ཐང་གི་“བརྒྱད་གཅིག”ཅེས་པའི་རྒྱལ་སྤྱིའི་རྟ་རྒྱུག་འགྲན་སྡུར་དུས་ཆེན། ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་བཅས་ཀྱི་བྱེད་སྒོ་རིམ་པར་སྤེལ་འཆར་འདུག ཟླ་9པར་མཱ་ར་སུང་ཕྱེད་ཀའི་རྒྱུག་རྩལ་འགྲན་སྡུར་སྤེལ་རྒྱུ་ཡིན་ཞིང་། ཉམས་ལེན་དུས་ཚིགས་ཏེ་ཟླ་10པར་རྒན་རྒོན་གྱིས་རྐང་ཐང་དུ་གྲོང་ལ་སྐོར་བ་རྒྱག་པའི་ཉམས་ལེན་སོགས་ཀྱི་སྤྲོ་སྣང་བྱེད་སྒོ་སྤེལ་རྒྱུ་རེད། ཟླ་11པར་ལི་ཐང་གི་མི་ཆོས་རིག་གནས་དང་མཛེས་ལྗོངས་ཀྱི་བརྗོད་དོན་གཙོ་བོར་བྱས་པའི་པར་ལེན་བརྩམས་ཆོས་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུ་ཡིན་ལ། ཟླ་12པར་སྐབས་གསུམ་པའི་G318གཞུང་ལམ་རིག་གནས་ཐོན་ལས་(ལི་ཐང་)ཀྱི་དབུ་ཚོགས་འཚོགས་འཆར་འདུག 

W020191226622274480299.jpg

སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གིས་གླུ་གར་གྱི་བྱེད་སྒོ་སྤེལ་བ།

ཟླ་5པ་ནས་ཟླ་10པའི་བར། ལི་ཐང་རྫོང་གིས་ད་དུང་རྟག་རྒྱུག་འགྲན་སྡུར་གྱི་ཡན་ལག་འགྲན་སྡུར་ས་ཚིགས་བཟོས་ཏེ་ཟླ་རེར་རྒྱུན་གཏན་གྱི་རྟ་རྒྱུག་འགྲན་སྡུར་རྣམ་གྲངས་གཉེར་རྒྱུ་ཡིན་པ་དང་། གོམ་གང་མདུན་སྤོས་ཀྱིས་ཤེས་ལྡན་པ་དང་། རིག་གནས་ལ་བརྟེན་ནས་ཐོན་ལས་འཛུགས་པ། རིག་གནས་ལ་བརྟེན་ནས་རྫོང་སྟོབས་ལྡན་དུ་གཏོང་བ་བཅས་ཀྱི་རིག་གནས་དབུལ་སྐྱོར་སྤུས་ལེགས་ཟུང་རྟགས་གཏོད་ཆེད། “དུས་ཚིགས་རེ་རེའི་བརྗོད་དོན་དང་ཟླ་རེ་རེའི་བྱེད་སྒོ”སྤེལ་བ་དང་ཆབས་ཅིག་ཟླ་བ་རེ་རེར་མི་རིགས་ཀྱི་ཚོང་དོན་འགྲེམ་ཚོང་བྱེད་སྒོ་སྤེལ་བ་དང་། “རིག་གནས་ལ་བརྟེན་ནས་གར་སྟེགས་བསྐྲུན་པ་དང་། དཔལ་འབྱོར་ལ་བརྟེན་ནས་ཟློས་གར་འཁྲབ་པའི”ཐབས་ལམ་བརྒྱུད་ནས། ཕྱི་ཕྱོགས་སུ་ལི་ཐང་རྫོང་གི་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ཟོག་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ལེགས་པོ་འགྲེམ་སྟོན་བྱ་རྒྱུ་རེད།

W020191226622274488136.jpg

སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གིས་ཚོང་དོན་བྱེད་སྒོ་སྤེལ་བ།

W020191226622274488943.jpg

སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གིས་ལྕགས་རྟ་ཞོན་ནས་མཁའ་ལམ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།