​དཀར་མཛེས་རྫོང་གིས་མ་དངུལ་སྒོར་དུང་ཕྱུར33བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་ཆ་རྐྱེན་ལེགས་སུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་འདི་དག་རིང་གྲོང་ཚོའི་ནང་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཨར་འདམ་ལམ་ཁྱིམ་གྱི་སྒོ་ཁར་བསྲིངས་པ་དང་། ལམ་སྒྲོན་བསྒར་བ། ཁང་པའི་རྒྱབ་མདུན་དུ་སྔོ་ལྗང་ལྗོན་ཤིང་གིས་ཁེངས་པ། ཁྱིམ་དུ་རང་འབབ་ཆུ་ཀ་ལ་ཁྲིད་པ་བཅས་བྱས་པ་མ་ཟད། རྒན་རྒོན་ཚོས་ཐང་ཆེན་དུ་ཅི་འཕྲོས་མོལ་འཕྲོས་བྱེད་ཆོག”ཅེས་ཉེ་ཆར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕོ་འགྱུར་སྐོར་གླེང་སྐབས། དཀར་མཛེས་རྫོང་སྲིབ་ངོ་ཤང་ཧོར་ཁོག་ནང་གྲོང་ཚོའི་གྲོང་མི་ཚེ་རིང་ཕུན་ཚོགས་ཀྱིས་འཛུམ་དམུལ་དམུལ་ངང་བཤད། འགྱུར་ལྡོག་དེ་དག་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་ལས་ཐོབ་པ་རེད།

དཀར་མཛེས་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ནས་ཤེས་རྟོགས་བྱུང་བར། 2014ལོ་ནས་བཟུང་། རྫོང་དེས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་33.04བཏང་ནས་ཆུ་གློག་ལམ་གསུམ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་2263ལག་ལེན་བསྟར་ཏེ་མང་ཚོགས་དབུལ་པོར་འབྱོར་འབྲིང་ལམ་བུ་བཏོད་པ་དང་། དྭངས་གཙང་འཐུང་ཆུ་འཐུང་ཐུབ་པ། འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱས་ཡོད། རྫོང་དེས་མ་དངུལ་སྒོར་དུང་ཕྱུར་3.42བསྡུ་སྒྲིལ་བྱས་ནས་དུད་ཚང་1014ཡི་མི་4543ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་དང་། བོད་རིགས་ས་ཁུལ་དུ་ཁང་པ་2119གསར་དུ་བསྐྲུན་ཞིང་། དུད་ཚང་1387གྱི་ཁང་པ་བརྟན་དུ་བཏང་བ་དང་། དུད་ཚང་2430ཡི་ཁང་པའི་གནད་དོན་ཐག་གཅོད་བྱས་པས། ཁང་པའི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་ཐུབ་ཡོད། རིམ་རྩིས་བྱས་ན། གྲོང་ཚོའི་ལམ་བུ་དང་དུད་སྦྲེལ་ལམ་བུ་སྤྱི་ལེ་1055བསྐྲུན་པ་དང་། ཟམ་པ་72བསྐྲུན་ཏེ། རྒྱལ་ཡོངས་ཀྱི་སྔོན་དུ་ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་ཤང་དུ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ། དགོན་སྡེར་ཨར་འདམ་ལམ་བཏིང་བ། ས་ཚིགས་འཛུགས་སྐྲུན་བྱས་པ། བདེ་འཇགས་སྲུང་སྐྱོང་ཀུན་ལ་ཁྱབ་པ་བཅས་ཀྱི་ཡོངས་ཁྱབ་ལྔ་ལེགས་གྲུབ་ཟིན་ཚད་100%ཟིན་པ། རྒྱལ་ཡོངས་ཀྱི་སྔོན་དུ་ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་དུ་ཞིང་ཆེན་ཡོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ་ལམ་བུའི”དཔེ་སྟོན་རྫོང་བཏོད་པ་རེད། རིམ་རྩིས་བྱས་ན་གྲོང་ཚོ་དབུལ་པོ་57གྱི་འཐུང་ཆུའི་ལས་གྲྭ་སྒྱུར་བཀོད་རིམ་སྤོར་བྱས་ནས་ཁྲོན་པ་800ལྷག་ཙམ་དྲུས་ཏེ་ཞིང་དུད་ཚང་མའི་འཐུང་ཆུའི་སྤུས་ཚད་ཚད་ལོན་པར་བྱས་ཡོད། གྲོང་ཚོ་དབུལ་པོ་129ཡི་གློག་དྲ་སྒྱུར་བཀོད་དང་དེ་བཞིན་འོད་སྐུད་བརྒྱུད་སྐྱེལ་སྒྲིག་ཆས་ཀྱི་ལེ་ལག་ཚང་བའི་རྣམ་གྲངས་ལག་ལེན་བསྟར་ཏེ། ཞིང་འབྲོག་མང་ཚོགས་ལ་གློག་བརྟན་པོ་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། ཤང་དང་གྲོང་རྡལ་དུ་དམངས་ཕན་ཞབས་ཞུའི་ལྟེ་གནས་22བསྐྲུན་པ་དང་། གྲོང་ཚོ་རིམ་པའི་བྱེད་སྒོ་ཁང་104གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། གྲོང་ཚོ་རིམ་པའི་རིག་གནས་དཔུང་ཁག་219བཙུགས་པ། རིག་གནས་ཁང་དང་འཕྲོད་བསྟེན་ཁང་སོགས་གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་གྲོང་ཚོ་དབུལ་པོ་129ཚང་མར་ཁྱབ་སྟེ། དམངས་ཕན་ཞབས་ཞུ་དང་། ལྟ་ཀློག སྨན་བཅོས། ལུས་སྦྱོང་སོགས་འདུས་པའི་སྐར་མ་15ཡི་སྤྱི་པའི་ཞབས་ཞུའི་འཁོར་རྒྱ་བསྐྲུན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།