གནའ་བོའི་ཇ་ཤིང་ལ་ཕྱུག་འགྱུར་གྱི་ལོ་འདབ་རྒྱས།

2019122309264562161.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བརྒྱད་ཟིལ་རྫོང་ནི་བོད་རིགས་ས་ཁུལ་དུ་ཇ་ཐོན་སྐྱེད་བྱེད་སའི་ལོ་རྒྱུས་ཟིན་ཐོ་ཡོད་པའི་ས་གནས་ཉག་ཅིག་ཡིན་ཞིང་། རྫོང་དེའི་ཁེ་རྡོ་ཡུལ་ཤོག་གི་མངའ་ཁོངས་སུ་སྔོ་ཐིང་ཐིང་གི་ཇ་ཤིང་ལྡུམ་ར་ཞིག་ཡོད་པ་དེར་ཚང་མས་གནའ་བོའི་ཇ་གླིང་ཞེས་བརྗོད་སྲོལ་ཡོད་པ་རེད། མཚོ་འཕགས་སྨི2800ཡོད་པའི་རི་ཁྲོད་དུ་ལོ་བརྒྱ་ཕྲག་ཁ་ཤས་ཡོད་པའི་གནའ་བོའི་ཇ་ཤིང་རྣམས་སྐྱེ་སྟབས་རབ་ཏུ་འཕེལ། གསོན་ཤུགས་རབ་ཏུ་རྒྱས་བཞིན་འདུག

བསམ་ཡུལ་ལས་འདས་པ་ཞིག་ལ་ཇ་ཤིང་འདེབས་འཛུགས་བྱས་པར་བརྟེན་ནས་གྲོང་མི་ཚོའི་ཡོང་འབབ་འཕར་ཏེ་ཕྱུག་པོར་ཆགས་ཡོད། ངེད་ཚང་ཡང་སྡོད་ཁང་གསར་པའི་ནང་ལ་སྤོས་ཐུབ་པ་ཡིན། ད་ལོར་ང་ཚོས་མུའུ་རེའི་ནང་ཇ་ཤིང་གི་ཡོང་འབབ་སྒོར་ཁྲི1.2རག་བྱུང་། ད་ཆ་ཇ་ཤིང་འདེབས་འཛུགས་བྱས་ན་ཕྱི་ཕྱོགས་སུ་གླ་རྒྱག་སར་འགྲོ་བ་ལས་དགའ་ཆེ་འདུག་ཅེས་ལི་ཝུའུ་གྲོང་སྡེའི་གྲོང་མི་ཏེང་མིང་ཧྥུན་གྱིས་དེ་ལྟར་བཤད་པ་རེད།

བརྒྱད་ཟིལ་རྫོང་ཁེ་རྡོ་ཡུལ་ཤོག་ཏུ་རྩི་ཤིང་འབེལ་པོ་ཡིན་པར་བརྟེན། ས་རྒྱུ་སོབ་སོབ་དང་གྲུབ་ཆ་ཡག་པོ་ཡིན་པར་མ་ཟད། སྐྱེ་ལྡན་དངོས་རྫས་འདུས་ཚད་ཕུན་སུམ་ཚོགས་པས་ཇ་ཤིང་ལ་མཁོ་བའི་འཚོ་བཅུད་སྣ་ཚོགས་འཛོམས་ཡོད་པ་རེད། དུས་རབས་གོང་མའི་ལོ་རབས80པར་འགྲིམ་འགྲུལ་མི་བདེ་བ་སོགས་ཀྱི་རྒྱུ་རྐྱེན་མང་པོའི་དབང་གིས་རྒྱལ་གཉེར་ཇ་འདེབས་བཟོ་གྲྭའི་ལས་མཚམས་བཞག་པ་དང་གནའ་བོའི་ཇ་ཤིང་ཁག་གཅིག་བཅད་ནས་དེ་མིན་གྱི་ཞིང་ལས་ལོ་ཏོག་བཏབ་ཡོད་པ་རེད། ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པར་བརྒྱུད། བརྒྱད་ཟིལ་རྫོང་དུ་ད་དུང་གནའ་བོའི་ཇ་ཤིང་ཁྲི་བཅུ་ལྷག་ཡོད་པ་དེ་དག་གི་ནང་ལོ་རིས་བརྒྱ་ནས་སུམ་བརྒྱ་བར་གྱི་ཇ་ཤིང་ཡོད་ལ། ཇ་ཤིང་རེ་འགའ་ལ་ལོ་རིས་བདུན་བརྒྱ་ཙམ་ལ་ཟིན་པའི་ལོ་རྒྱུས་ཡོད་པ་རེད།

2005ལོ་ནས་བཟུང་། བརྒྱད་ཟིལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ས་གནས་དེ་གའི་ཐོན་ཁུངས་ལ་དམིགས་ནས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་དང་། ཇ་ལོའི་ཐོན་ལས་དེ་རྫོང་ཁོངས་དཔལ་འབྱོར་གྱི་ཨང་དང་པོར་བཞག་ནས་བརྒྱད་ཟིལ་བོད་ཁུལ་གྱི་ཐེན་ཤང་གདོད་མའི་སྐྱེ་ཁམས་ཇ་ལོ་སྤྱི་གཉེར་ཁང་ནང་འདྲེན་བྱས་ཏེ་ས་མཐོའི་གནའ་བོའི་ཇ་ཐོན་སྐྱེད་ལ་ཡང་བསྐྱར་གསོན་ཤུགས་རྒྱས་སུ་བཅུག་ཡོད་པ་རེད།

བརྒྱད་ཟིལ་རྫོང་ཐེན་ཤང་ཇ་ལས་སྤྱི་གཉེར་ཁང་གི་སྤྱི་ཁྱབ་འགོ་འཛིན། བཟོ་གྲྭའི་འགོ་འཛིན་གྱི་འགན་འཁུར་བ་ལུའོ་ཐའེ་རུང་གིས་ཇ་ཤིང་རྣམས་ཐོག་མར་འདེབས་འཛུགས་བྱེད་དུས་དཔལ་འབྱོར་ཕན་འབྲས་དེ་ཙམ་མི་བཟང་བས་ཞིང་དུད་ཁ་ཤས་ཀྱིས་གཞོགས་འདེགས་དེ་ཙམ་བྱེད་འདོད་མེད་པ་རེད། དེར་བརྟེན་ང་ཚོས་འཛུགས་མོས་ཡོད་པའི་མི་སེར་ཚོ་ལ་ཚོད་འདེབས་བྱེད་འགོ་ཚུགས་པ་ཡིན། ཁོ་ཚོར་འདེབས་འཛུགས་བྱེད་འདོད་ཡོད་སྟབས་ང་ཚོས་ས་བོན་མཁོ་འདོན་བྱས་པར་མ་ཟད། ལག་རྩལ་མཛུབ་སྟོན་བྱས་ཡོད། ད་ཆ་ཇ་ཤིང་འདེབས་འཛུགས་བྱེད་མཁན་གྱི་མི་སེར་ཚོ་ལ་ལོ་ལྟར་མུའུ་རེར་ཉུང་མཐར་ཡང་ཡོང་འབབ་སྒོར4000ཙམ་ཡོང་གི་ཡོད་པ་དང་ཞིང་དུད་ལ་ལར་མུའུ་རེའི་ཡོང་འབབ་སྒོར་ཁྲི་ལ་ཟིན་གྱི་ཡོད། ཇ་ལོའི་སྤུས་ཚད་འགན་ལེན་བྱ་ཆེད། ཐེན་ཤང་སྤྱི་གཉེར་ཁང་གིས་རྟག་པར་ལས་རིགས་ཀྱི་གྲགས་ཅན་མི་སྣ་བདེན་འདྲེན་ཞུས་ཏེ་བློ་འདྲི་བྱས་པས་མ་ཚད་ཆེད་ལས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་ཇ་ཤིང་འདེབས་འཛུགས་བྱེད་མཁན་ཞིང་པར་རོགས་རམ་བྱེད་ཀྱིན་ཡོད། ཚོད་ལྟ་འདེབས་འཛུགས་བྱས་པའི་གྲོང་མིར་ཕན་འབྲས་ཐོན་དུས་ཞིང་དུད་དེ་བས་མང་པོ་ཇ་ཤིང་འདེབས་འཛུགས་བྱེད་སའི་ནང་ཞུགས་ཡོད། ཇའི་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་དེ་ས་གནས་དེ་གའི་དབུལ་ཐར་འགག་སྒྲོལ་གྱི་དམ་འཛིན་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།

མིག་སྔར། ཐེན་ཤང་ཇ་ལས་སྤྱི་གཉེར་ཁང་གིས་བརྒྱད་ཟིལ་རྫོང་དུ་མུའུ5400ཡས་མས་ཀྱི་ཇ་ཞིང་རྟེན་གཞི་བཙུགས་ནས་ས་གནས་དེ་གའི་མང་ཚོགས་ལ་སྣེ་ཁྲིད་དེ་སྤུས་ལེགས་ཇ་ཞིང་མུའུ3700ལྷག་ཙམ་འཕེལ་རྒྱས་བཏང་ཡོད། རྫོང་ཡོངས་ཀྱི་བོད་རིགས་དང་དབྱིས་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་ཞིང་པ་དུད་ཚང1500ལྷག་ཙམ་ཇ་ཟོས་ལས་དོན་ལ་ཞུགས་པ་དང་། དུད་ཚང་དབུལ་ཕོངས50ལྷག་གི་དབུལ་ཐར་འབབ་འཕར་ཡོང་བར་རོགས་རམ་བྱས་པ་རེད།

ལུའོ་ཐའེ་རུང་གིས་ཕྱིན་ཆད་ང་ཚོས་བརྒྱད་ཟིལ་རྫོང་གི་གདོད་མའི་གནའ་བོའི་ཇ་ཤིང་ཐོན་ཁུངས་དང་གནའ་བོའི་ཚོང་འདྲེན་ལྡབ་ལམ་གྱི་རིག་གནས་སྔོག་འདོན་ཤུགས་ཆེན་བྱས་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།