ལིའུ་ཕིང་དང་དབྱང་ཁེ་ཉིང་རྣམ་གཉིས་ཀྱིས་འབར་ཁམས་སུ་ཚོང་རའི་དངོས་ཟོག་མཁོ་སྤྲོད་དང་སློབ་གྲྭའི་བཟའ་ཆས་བདེ་འཇགས་ལ་ཞིབ་བཤེར་མཛད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས11ཉིན་གྱི་ཞོགས་པར་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་རྣམ་གཉིས་འབར་ཁམས་གྲོང་ཁྱེར་གྱི་ལིང་ལི་རང་འདེམ་ཚོང་ཁང་དུ་ཕེབས་ནས། ཚོང་ཁང་གི་འཁྱག་རྫས་དང་སིལ་ཏོག སྔོ་ཚལ། ཤ འབྲུ་སྣུམ་སོགས་ལ་ཞིབ་བཤེར་ནན་མོ་མཛད་པར་མ་ཟད། འཛད་སྤྱོད་པ་རྣམས་དང་ཁ་བརྡ་མཛད་ནས་ཚོང་རར་དངོས་ཟོག་མཁོ་སྤྲོད་བྱེད་ཚུལ་དང་དངོས་ཟོག་གི་རིན་གོང་སོགས་རྒྱུས་ལོན་མཛད།

འབར་ཁམས་གྲོང་ཁྱེར་གྱི་སློབ་ཆུང་བཞི་བའི་སློབ་མའི་ཟ་ཁང་དུ་ལིའུ་ཕིང་དང་དབྱང་ཁེ་ཉིང་རྣམ་གཉིས་ཕེབས་ནས། ཟ་ཁང་གི་དོ་དམ་དང་ཟས་སྣ་གཡོས་སྦྱོར་ཀྱི་གནས་ཚུལ། དངོས་ཟོག་གསོག་ཉར། འཚོ་བཅུད་གསབ་དངུལ་གྱི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་མཛད། ལིའུ་ཕིང་གིས་འབྲེལ་ཡོད་འགན་ཁུར་བར་གསུང་དོན། བཟའ་ཆས་བདེ་འཇགས་ནི་དོན་ཆེན་ཞིག་ཡིན་པའི་འདུ་ཤེས་བཅངས་ནས། མགོ་ཁུངས་ནས་བཟའ་ཆས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་བསྣན་པ་དང་། ཚན་རིག་གི་ལམ་ནས་ཉིན་རེའི་ཟས་ཐོ་འགོད་དགོས། སློབ་གྲྭའི་འགོ་ཁྲིད་དང་འཛིན་གྲྭའི་ཀྲུའུ་རེན་སོགས་སློབ་གྲྭའི་ལས་ཀ་བ་དང་ཁྱིམ་བདག་གིས་ལྷན་ཟ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱས་ནས་སློབ་གྲྭའི་སློབ་མ་ནི་རང་ཉིད་ཀྱི་ཕྲུ་གུར་བརྩིས་ནས། ཁོ་ཚོར་ཟ་མ་གཙང་མ་ཟ་རུ་བཅུག་ནས་དཔེ་ཆ་ཀློག་པ་དང་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།