དཀར་མཛེས་ཁུལ་གྱི་གཟུགས་འདས་ཤུལ་བཞག་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མི་རིགས་ཀྱི་རང་གཤིས་དང་མི་རིགས་ཀྱི་མཛེས་དཔྱོད་གོམས་གཤིས་ཀྱི་གསོན་ཤུགས་ཕྱིར་མངོན་དུ་འཇུག་པ་ནི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ནུས་པར་རག་ལས་པས། ད་ལོར་ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག་དཀར་མཛེས་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་རྩ་ཆེའི་རིག་གནས་ཐོན་ཁུངས་ཀྱི་ཡིད་དབང་འཕྲོག་པའི་ནུས་ཤུགས་ཕྱི་རུ་མངོན་པར་བྱས།

འབྲེལ་ཡོད་ཡིག་ཆའི་བླང་བྱ་གཞིར་བཟུང་། རང་ཁུལ་གྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་འདུ་ཤེས་དང་གཟུགས་འདས་ཤུལ་རིག་གནས་སྲུང་སྐྱོང་གི་བཅའ་ཁྲིམས་འདུ་ཤེས་ཇེ་ཟབ་ཏུ་བཏང་བ་བརྒྱུད། 《དཀར་མཛེས་ཁུལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ངོས་འཛིན་གྱི་དོ་དམ་བྱ་ཐབས》(འཆར་ཟིན)དང་དེ་བཞིན་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་སོགས་ཀྱི་ནང་བཅུག་ནས་ཁུལ་ཡོངས་ཀྱི་ཁྲིམས་སྲོལ་དང་སྲིད་ཇུས་མ་ལག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད།

དེ་དང་ཆབས་ཅིག་མཚོན་བྱེད་རང་བཞིན་གྱི་གཟུགས་འདས་ཤུག་བཞག་རིག་གནས་རྣམ་གྲངས་སྲུང་སྐྱོང་རྒྱུན་འཛིན་དང་རྒྱུན་འཛིན་པ་གསོ་སྦྱོང་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོར་ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པའི་རྣམ་གྲངས་སྲུང་སྐྱོང་ཚན་པ24ལ་ཞིབ་བཤེར་དང་ལེགས་སྒྲིག་བྱས་པ་དང་། ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ10ལ་མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོ་བཀོད། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ60ལྷག་ཙམ་རྩ་འཛུགས་བྱས་ནས་སྔ་རྗེས་སུ་ཐེངས་གཉིས་ལ་མཐོ་རིམ་སློབ་གྲྭའི་ནུས་རྩལ་གསོ་སྦྱོང་ནང་ཞུགས་པ་རེད།

གཟུགས་འདས་ཤུལ་བཞག་རིག་གནས་དབུལ་ཐར་འགག་སྒྲོལ་དང་ཤང་སྡེ་འཕེལ་རྒྱས་ནུས་པ་ཉིན་རེར་མངོན་པར་བྱས་ཏེ། ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུའུ་ཡིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག  ཁུལ་ནང་ཁུལ་གྱི་གཟུགས་འདས་ཤུལ་བཞག་མིན་པའི་ཐོན་ལས་ཚོགས་པ་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་སྡེ་དགེ་དང་། དཔལ་ཡུལ། དཀར་མཛེས་སོགས་ཀྱི་རྫོང་དུ་མི་རིགས་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་དང་ཐོན་ལས་རྟེན་གཞི་རིམ་བཞིན་ཆགས་པ་དང་། ཁུལ་ཡོངས་ཀྱི་མི3000ལྷག་ཙམ་གྱིས་ལག་ཤེས་བཟོ་རྩལ་རྣམ་གྲངས20ལྷག་ཙམ་གྱི་བྱ་བ་གཉེར་ལ། ཞིང་འབྲོག་མང་ཚོགས་ཀྱིས་རང་ས་གནས་སུ་ལས་ཞུགས་ཐུབ་པ་དང་ཡོང་འབབ་མང་དུ་ཕྱིན་ཡོད་པ་རེད།

གཞན་ཡང་དཀར་མཛེས་ཁུལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་དང་། ཡུལ་སྐོར་ལམ་ཐིག་དང་མཛེས་ལྗོངས་ཁུལ་བཅས་མཉམ་འདྲེས་བྱས་ཏེ་ཧུར་ཐག་གིས་གཟུགས་འདས་ཤུལ་བཞག་རིག་གནས་ཡུལ་སྐོར་མཉམ་འདྲེས་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ས་གནས་དེ་གའི་མཛེས་ལྗོངས་ཁུལ་གྲགས་ཅན་དང་མཛེས་ལྗོངས་ཁུལ་དུ་བསྐྱོད་པར་སྐུལ་འདེད་བཏང་བ་བརྒྱུད། ཁུལ་ཡོངས་ཀྱི་ཞིང་ཆེན་རིམ་པ་ཡན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ13དང་། ཞིང་ཆེན་རིམ་པ་ཡན་གྱི་བཟོ་རྩལ་མཁས་ཅན་གྱི་བརྩམས་ཆོས་དང་དེ་བཞིན་ཁུལ་ནང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལས་རིགས་ཀུང་སི5ཙམ་གྱི་ཐོན་རྫས་ཆིག་སྟོང་ལྷག་ཙམ་རྩ་འཛུགས་བྱས་ནས། རང་ཁུལ་གྱི5Aཡི་མཛེས་ལྗོངས་ཁུལ1 དང་། 4Aཡི་མཛེས་ལྗོངས་ཁུལ2ཀྱི་ཡུལ་སྐོར་བའི་ཚོམས་ཆེན་དུ་བསྐྱོད་ནས་ཡུན་རིང་རྒྱུན་རྣམ་ཅན་གྱི་འགྲེམས་སྟོན་དང་། འགྲེམས་ཚོང་བཅས་བྱས་པ་རེད། རང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་ཁུངས་ཀྱི་ད་ཡོད་གནས་ཚུལ་དང་ཡུལ་སྐོར་ལམ་ཐིག་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་སྒོར་བརྟེན་ནས། ཁྲེང་ཏུའུ་ནས་དར་མདོ—རོང་བྲག—རྟའུ—དར་མདོ—དུང་དཀར་འགག—ལྕགས་ཟམ་ཁ་རྫོང་བར་གྱི་ཁྲེང་ཏུའུ་དཔལ་གངས་དཀར་རི་བོར་སྒེར་འཁོར་བཏང་ནས་མྱོང་རོལ་བྱེད་པའི་ཡུལ་སྐོར་ཁག་དང་པོ་འོས་སྦྱོར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།