གསེར་ཐར་རྫོང་གི་ས་ཁུག་ལུང་ཀྱོག་ཏུ་ཆགས་པའི་གྲོང་སྡེ་རུ་ཆ་འཕྲིན་དྲ་བ་དང་བརྡ་རྟགས་ཐོན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁ་པར་དང་དྲ་བ་ནི་དེང་རབས་སྤྱི་ཚོགས་སུ་མེད་དུ་མི་རུང་བའི་འཚོ་བའི་དགོས་མཁོ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་མོད། ཡིན་ནའང་གསེར་ཐར་རྫོང་གི་ས་ཁུག་ལུང་ཀྱོག་ཏུ་གནས་པའི་གྲོང་སྡེ་འགའ་ལ་ཆ་འཕྲིན་དྲ་བ་མེད་ལ་ཁ་པར་གྱི་བརྡ་རྟགས་ཀྱང་མེད་པར་བརྟེན། འདི་ནི་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་མཚོན་ན་ཆེས་དཀའ་ཁག་ལྡན་པའི་གནད་དོན་ཞིག་ལས་མ་འདས། ཧོར་ཤུལ་ཡུལ་ཤོག་གི་ལྗགས་ཁོག་གྲོང་སྡེ་དང་བག་གེ་གྲོང་སྡེ་གཉིས་ནི་གོང་སྨོས་ཀྱི་གནད་དོན་དེར་འཕྲད་ནས་ཡོད་པ་རེད།

གྲོང་སྡེ་འདི་གཉིས་ནི་གསེར་ཐར་རྫོང་ཧོར་ཤུལ་ཡུལ་ཤོག་གི་མངའ་ཁོངས། བྲག་མགོ་རྫོང་མཁའ་གཉའ་ཡུལ་ཤོག་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད་ཅིང་། རྫོང་གྲོང་དང་ཅུང་ཐག་རིང་པས་རི་ལམ་ཀྱག་ཀྱོག་ཐོག་ཏུ་རླངས་འཁོར་བཏང་ནས་དུས་ཚོད་གཉིས་ལྷག་ལ་སོང་རྗེས་གཞི་ནས་བསླེབ་ཐུབ་པ་རེད། ཡུལ་ཤོག་སྲིད་གཞུང་དང་བར་ཐག་སྤྱི་ལེ124ཡོད་པ་དང་། གྲོང་སྡེ་ཡོངས་ལ་དུད་ཚང165ཡི་མི་གྲངས836ཡོད། དེའི་ནང་དུ་དཀའ་ངལ་ཅན་གྱི་དུད་ཚང37ཡོད་པ་དག་རྫོང་དེའི་སྲིད་འཛིན་གྲོང་སྡེ134ཡི་ཁྲོད་དུ་ཡུལ་ཤོག་སྲིད་གཞུང་དང་བར་ཐག་ཆེས་རིང་བའི་གྲོང་སྡེ་ཡིན་ཞིང་། ཁ་པར་གྱི་བརྡ་རྟགས་མེད་པའི་རྐྱེན་གྱིས་ཕྱི་ཕྱོགས་སུ་འབྲེལ་འདྲིས་བྱས་དཀའ་མོ་རེད། ཡིན་ནའང་ད་སྐབས་གྲོང་སྡེ་འདི་དག་ལ་ཁ་པར་ཤར་གཏོང་ཆོག་པའི་འཕྲིན་སྡོང་བཙུགས་ཏེ་འབྲེལ་འདྲིས་ལ་སྟབས་བདེ་བྱས་ཡོད་པ་རེད།

སྤྱི་ཟླ11པའི་ཚེས19ཉིན། གསར་འགོད་པ་ལྗགས་ཁོག་གྲོང་སྡེའི་དབུལ་ཕོངས་དུད་ཚང་གསེར་སྐྱིད་ཚང་དུ་འགྲོ་ཚེ། ཁོ་མོས་ཐག་རིང་གི་གཉེན་ཉེ་ཞིག་ལ་ཁ་པར་བཏང་ནས་ང་ཚོའི་སྡེ་བར་དྲ་བ་འཛུགས་བྱུང་། དེ་རིང་ནས་བཟུང་ང་ཚོས་ནམ་རྒྱུན་འབྲེལ་བ་བྱ་ཆོག་ནི་རེད་ཅེས་པའི་སྐད་ཆ་ཞིག་ཐོས། གསར་འགོད་པ་གམ་དུ་སོང་ནས་ཁ་བརྡ་ལབ་པ་ན། ཁོ་མོས་ད་ལྟ་ངེད་གྲོང་སྡེ་རུ་དྲ་བ་དང་ཁ་པར་གྱི་བརྡ་རྟགས་ཐོན་བྱུང་ནང་དུ་བསྡད་ནས་བརྙན་འཕྲིན་ལ་བལྟ་ཆོག་པ་དང་། ཤ་ཉེ་སྤུན་མཆེད་དང་གྲོགས་ཕན་ཚུན་བར་འབྲེལ་འདྲིས་བྱེད་བདེ་པོ་འདུག འདི་ནི་ཏང་དང་སྲིད་གཞུང་གི་བཀའ་དྲིན་རེད་ཅེས་ཟེར། གསེར་སྐྱིད་དང་ཁ་བརྡ་བྱེད་པའི་གོ་རིམ་ཁྲོད། གསར་འགོད་པས་རྒྱུས་ལོན་བྱུང་བར་གཞིགས་ན། གསེར་ཐར་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་དབུལ་སྐྱོར་སྲིད་ཇུས་འོག གསེར་སྐྱིད་ཚང་སྡོད་ཁང་གསར་བ་རུ་གནས་སྤོས་བྱས་པས་མ་ཚད་ཁྱིམ་གྱི་བྱིས་པ་གཉིས་ཀྱང་སློབ་གྲྭར་འགྲོ་བཞིན་ཡོད། ད་ལྟ་ཁོ་ཚང་གི་ཁྱིམ་གྱི་ཟས་གོས་གནས་མལ་སོགས་གང་ཅིའི་ཐད་ལ་དཀའ་ངལ་མེད་པ་རེད།

ལྗགས་ཁོག་གྲོང་སྡེ་དང་བག་གེ་གྲོང་སྡེ་གཉིས་སུ་གཞིས་མི་སྤྲོ་ཁང་ལྟ་བུའི་སྡོད་ཁང་གསར་བ་ལུང་པའི་ཕྱོགས་གཉིས་སུ་སྟར་ཕྲེང་བསྒྲིགས་ནས་བསྐྲུན་ཡོད་ཅིང་། ཁྱིམ་ཚང་རེ་རེའི་སྒོ་ཁ་ལ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་ལ་གཞུང་ལམ་ཁྱིམ་ཚང་རེ་རེའི་སྒོ་འགྲམ་དུ་བསྐྲུན་ཡོད། གྲོང་སྡེའི་བྱེད་སྒོ་སྤེལ་ཁང་དང་འཕྲོད་བསྟེན་ཁང་། རིག་གནས་ཁང་བཅས་སུ་མཁོ་ཆས་སྣ་འཛོམས་ཡིན་པས་མང་ཚོགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་སྤྱི་གཞུང་ལ་ཞབས་ཞུ་བྱ་རྒྱུར་འགན་སྲུང་ཡག་པོ་བྱས་ཡོད། ལྗགས་ཁོག་གྲོང་སྡེ་དང་བག་གེ་གྲོང་སྡེ་གཉིས་ཀྱི་རང་རྟོགས་སྒོས་འཚེམ་བཟོའི་ལས་རིགས་སློབ་གྲྭ་རྩ་འཛུགས་བྱས་པ་དང་། འཚེམ་བཟོའི་ལག་རྩལ་ལ་བརྟེན་ནས་རང་ཉིད་ཀྱི་ཡོང་སྒོ་འཕར་སྣོན་བྱུང་དུ་བཅུག དེ་ལས་སྡེ་དམངས་ཡོངས་ཀྱི་གྲོང་སྡེ་འདི་རུ་སློབ་ཆུང་ཞིག་འཛུགས་པར་རེ་བ་ཆེན་པོ་བཅངས་པ་དང་བསྟུན་ནས་གྲོང་སྡེའི་བྱིས་སློབ་ཁང་ཡང་མི་རིང་བར་འཛུགས་སྐྲུན་བྱེད་ངེས་རེད།

 ཧོར་ཤུལ་ཡུལ་ཤོག་གི་ཡུལ་དཔོན་ཀྲོའུ་ཅིན་ཡུང་ལགས་ཀྱིས2014ལོ་ནས2019ལོའི་བར། ལྗགས་ཁོག་གྲོང་སྡེ་དང་བག་གེ་གྲོང་སྡེ་གཉིས་སུ་ཁྱོན་བསྡོམས་དབུལ་སྐྱོར་གནས་སྤོར་སྡོད་ཁང48འཛུགས་སྐྲུན་བྱས་ཡོད།  2018ལོའི་ཟླ་བ11པའི་ཚེས་དང་པོ་ཉིན། རྫོང་དང་ཡུལ་ཤོག གྲོང་སྡེ་གསུམ་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་ནས་གྲོང་སྡེ་གཉིས་པོར་གློག་བཏང་ནས་ཁྱིམ་ཚང་རེ་རེའི་ནང་འོད་དང་དྲོད་ཀྱིས་ཁེངས་པར་བྱས་ཡོད། ད་ལོའི་ཟླ་བ11པའི་ཚེས4ཉིན། ཡུལ་ཤོག་སྲིད་གཞུང་དང་སྤྱི་ལེ70ལྷག་ཡོད་པའི་གྲོང་སྡེའི་གཞུང་ལམ་དེ་ཨར་ལམ་དུ་བསྒྱུར་བ་དང་། རི་མཐོ་ལུང་གཟར་དང་ལམ་ཐག་རིང་ཞིང་མང་ཚོགས་ཀྱི་འགྲོ་འདུག་སྟབས་བདེ་མིན་པའི་གནད་དོན་དེ་ཐག་གཅོད་བྱས་ཡོད། གནམ་གཤིས་ཇི་ལྟར་སྡུག་ཀྱང་ཆོག ཆ་རྐྱེན་ཇི་ལྟར་ཞན་ཡང་འགྲིག ཐབས་ཤེས་ཡོད་དགུ་བཏོན་ནས་གྲོང་སྡེ་རེ་རེ་དང་ཁྱིམ་ཚང་རེ་རེས་བརྡ་འཕྲིན་དུས་རབས་ཀྱི་ཕན་བདེ་ལོངས་སུ་སྤྱོད་བཞིན་མཆིས། ད་ལོར་ཉེནམེད་བཏུང་ཆུ་ཡང་གྲོང་སྡེ་རུ་འདྲེན་ཏེ་ཕྱོགས་འདྲ་མིན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ས་ཁུག་ལུང་ཀྱོག་ཏུ་འཚོ་གནས་བྱེད་བཞིན་པའི་ལྗགས་ཁོག་གྲོང་སྡེ་དང་བག་གེ་གྲོང་སྡེ་གཉིས་སུ་དྲ་བ་ཤར་གཏོང་ཐུབ་ཡོད། མ་ཚད་པར་གྲོང་སྡེའི་རྨང་གཞིའི་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དུ་བཏང་བ་དང་།  སྒུག་བརྟེན་སློང་གསུམ་གྱི་སྒྱིད་ལུག་གི་བསམ་བློའང་དོར་བར་བྱས་ཡོད།  དཀའ་ངལ་ཅན་གྱི་མང་ཚོགས་ལ་ནང་ཁུལ་གྱི་སྒུལ་ཤུགས་ལ་གསོན་ཤུགས་བསྩལ་བ་དང་། ཁོང་ཚོས་འབྱོར་འབྲིང་ལ་སྙེག་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། གསེར་ཐར་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གོང་བུ་གཅིག་སྒྲིལ་དང་བརྩོན་པ་ལྷོད་མེད་སྒོས་འཚོ་དབུགས་དཀོན་ཀྱང་དཀའ་ཁག་བསལ་བའི་གསེར་ཐར་གྱི་་སྙིང་སྟོབས་དར་སྤེལ་བྱས་ཏེ། སེམས་ཤུགས་བརྒྱ་འགྱུར་དང་འབད་པ་སྟོང་འགྱུར་གྱིས་དམངས་དོན་རང་དོན་ལྟར་བསྒྲུབ་པ། ལས་བྱེད་པའི་དཀའ་སྡུག་གིས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པར་འབད་འབུངས་གང་ལེགས་གནང་བཞིན་ཡོད་པ་རེད།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།