རྔ་བ་ཁུལ་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཝང་ཀུའོ་རྨིན་ལ་བཅར་འདྲི་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་སྲིད་རང་འཁྲིའི་ལས་འགན་ལ་གཞི་ཚུགས་ཏེ། དམངས་འཚོའི་བདེ་སྐྱིད་འཚོ་བ་བསྐྲུན་པ། ཁུལ་དམངས་སྲིད་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ཝང་ཀུའོ་རྨིན་ལ་བཅར་འདྲི་བྱས་པ།

ཉིན་ཤས་གོང་འཚོགས་པའི་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་ཞིང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་ཁ་གསལ་བཟོས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཏོན་ཡོད། ཇི་ལྟར་བྱས་ནས་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ལེགས་པོ་བྱས་ཏེ་རང་ལས་ཁུངས་ཀྱི་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་གསར་འགོད་པས་ཁུལ་དམངས་སྲིད་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ཝང་ཀུའོ་རྨིན་ལ་ཆེད་དོན་བཅར་འདྲི་བྱས་པ་རེད། 

ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་རང་རེའི་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དཔལ་འབྱོར་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ཞིང་། རིགས་བསྒྱུར་འཕེལ་རྒྱས་དང་། གསར་གཏོད་འཕེལ་རྒྱས། ཐོད་བརྒལ་འཕེལ་རྒྱས་བཅས་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཁུལ་དམངས་སྲིད་ཅུས་ཀྱིས་དོན་ཐོག་ཏུ་བབས་པ་གསུམ་མཐའ་འཁྱོངས་བྱས་ནས་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་ཡིན་པ་རེད། གཅིག་ནི་དགོངས་དོན་བརྒྱུད་བསྒྲགས་གནད་ལ་འཁེལ་བ། གཉིས་ནི་ནང་དོན་ཤེས་རྟོགས་ཐུབ་པ། གསུམ་ནི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བའོ།།

མིག་སྔའི་ལས་དོན་ཁྲོད། ཁུལ་དམངས་སྲིད་ཅུས་ཀྱིས་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མཛུབ་ཁྲིད་དུ་བཟུང་ནས། དམངས་སྲིད་ཀྱི་འགན་འཁྲིའི་འགན་ནུས་ལ་གཞི་ཚུགས་པ་དང་ཤུགས་སྣོན་ལྔ་མཐའ་འཁྱོངས་ཀྱིས་མིག་སྔའི་གཙོ་གནད་ལས་དོན་ལེགས་པོ་བསྒྲུབ་རྒྱུ་ཡིན་པ་སྟེ། གཅིག་ནི་འགན་སྲུང་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ། སྤྱི་ཚོགས་རོགས་སྐྱོབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་འགན་ལེན་གྱི་རྨང་གཞི་བརྟན་པོ་འདིང་དགོས། གཉིས་ནི་རྒན་གསོའི་ཞབས་ཞུར་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ། རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཉིན་མོའི་ལྟ་རྟོག་ལྟེ་གནས་འཛུགས་སྐྲུན་དང་དོ་དམ་གཉེར་སྐྱོང་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ། གསུམ་ནི་བྱིས་པའི་རོགས་སྐྱོབ་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ། དཀའ་ངལ་ཡོད་པའི་བྱིས་པར་རོགས་སྐྱོར་བྱེད་པའི་ཐབས་ལམ་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་དཀའ་ངལ་ཡོད་པའི་བྱིས་པའི་རོགས་སྐྱོབ་འགན་སྲུང་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས། བཞི་ནི་གཞི་རིམ་བཅོས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ། སྡེ་ཁུལ་གྱི་རང་སྐྱོང་དང་ཞབས་ཞུའི་ནུས་པ་མུ་མཐུད་དུ་ཆེ་རུ་བཏང་ནས། ཁྲིམས་སྐྱོང་དང་། རང་སྐྱོང་། སྤྱོད་སྐྱོང་བཅས་མཉམ་འདྲེས་དམ་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། ལྔ་ནི་སྤྱི་ཚོགས་ཀྱི་ལས་དོན་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་ལུགས་མཐུན་ངང་སྤྱི་ཚོགས་རྩ་འཛུགས་འཕེལ་རྒྱས་དང་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བའོ།།

རྗེས་ཀྱི་ལས་དོན་ཁྲོད། ཁུལ་དམངས་སྲིད་ཅུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེར་བརྩིས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་ལེགས་སྒྲིག་སྒྱུར་བཅོས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ་དམ་འཛིན་སར་བྱེད་པ། རིག་ལྡན་སྡེ་ཁུལ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་ཚོགས་པ་བཞི་མཉམ་འགུལ་གཙོ་གནད་དུ་བྱས་ནས་གཞི་རིམ་བཅོས་སྐྱོང་ཚད་ལྡན་ཅན་དང་། ཚན་རིག་ཅན། དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་སྟེ། གཅིག་ནི་རིག་ནུས་སྡེ་ཁུལ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། རིག་ལྡན་སྡེ་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་སྡེ་ཁུལ་གྱི་ཁུར་བོ་ཇེ་ཡང་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། མང་ཚོགས་ལ་སྲིད་དོན་ཞབས་ཞུ་དང་རིག་གནས་སློབ་གསོ། དྲ་ཐོག་ནས་གྲོན་དངུལ་འཇལ་བ། ཁྱིམ་ལས་ཞབས་ཞུ་སོགས་སྣ་མང་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་ཡིན་པ། ཝུན་ཁྲོན་རྫོང་ཝུའེ་ཀྲོའུ་གྲོང་རྡལ་ཉི་འོད་སྡེ་ཁུལ་དུ་ལས་སྟེགས་མ་ལག་བསྐྲུན་ནས་དེའི་ཉམས་མྱོང་གི་གྲུབ་འབྲས་འདྲ་བཟོ་བྱས་ཏེ་གྲོང་ཁྱེར་དང་སྡེ་ཁུལ་58དུ་རིམ་བཞིན་ཁྱབ་གདལ་གཏོང་རྒྱུ་ཡིན། གཉིས་ནི་བཅོས་སྐྱོང་གསུམ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། བོད་རིགས་དང་ཆའང་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྲོལ་དམངས་ཆིངས(ཡུལ་མིའི་སྤྱི་ཆིངས)ཀྱི་མ་ལག་ཆ་ཚང་ཞིག་ཆགས་པ་བྱེད་རྒྱུ། སྲི་ཞུ་དང་གྲོན་ཆུང་གི་ཕུལ་བྱུང་རིག་གནས་དར་སྤེལ་དང་རྒྱུད་འཛིན་ཤུགས་ཆེན་བྱས་ཏེ་མང་ཚོགས་ཀྱི་ཀུན་སྤྱོད་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། གསུམ་ནི་མཉམ་ལས་བཞི་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ། ཆེད་ལས་ཀྱི་སྤྱི་ཚོགས་ལས་དོན་རྩ་འཛུགས་དང་སྤྱི་ཚོགས་ལས་དོན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ལས་དོན་རྩ་འཛུགས་དང་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ་རྒན་གསོའི་ཞབས་ཞུ་དང་། སྤྱི་ཚོགས་རོགས་སྐྱོབ། བྱིས་པ་འགན་ལེན་སོགས་ཀྱི་རྣམ་གྲངས་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ། སྡེ་ཁུལ་དང་སྤྱི་ཚོགས་རྩ་འཛུགས། སྤྱི་ཚོགས་ལས་དོན། སྡེ་ཁུལ་གྱི་དང་བླངས་ཞབས་ཞུ་བཅས་པས་མཉམ་འགུལ་བཞི་ཡི་ཚན་རིག་དང་མཐུན་ཞིང་ཕན་འབྲས་མཐོ་བའི་བཅོས་སྐྱོང་ལམ་སྲོལ་ཆགས་པར་བྱ་རྒྱུ་ཡིན་པའོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།