དཀར་མཛེས་ཁུལ་ཡོངས་ཀྱི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལས་ཀའི་སྐུལ་འདེད་ཚོགས་འདུ་དར་མདོར་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས27ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་གྱི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལས་ཀའི་སྐུལ་འདེད་ཚོགས་འདུ་གྲོལ་རྗེས་རང་ཁུལ་གྱིས་དེ་མ་ཐག་ཏུ་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས་ཏེ་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་གྱི་སྤྱི་ཁྱབ་ཆུ་དཔོན་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་གྱི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལས་ཀའི་སྐུལ་འདེད་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དང་བརྒྱུད་བསྒྲགས་བྱས་པར་མ་ཟད། 2020ལོའི་ཁུལ་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་ལས་ཀར་ཞིབ་འཇུག་དང་ཇུས་འགོད་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། ཁུལ་གྱི་ཆུ་དཔོན་དང་པོ་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གནང་བ་རེད།

ཁུལ་གྱི་འགོ་ཁྲིད་ལིའུ་ཅི་ཞང་དང་ཞའེ་ཧུའེ། ཡའོ་པིང་། ཝང་ཁྲེང་ཁང་། ཧོ་ཁང་ལིན། ཁྲེང་ཧུང་པའོ་བཅས་ཚོགས་འདུའི་ནང་ཞུགས་ཡོད་པ་རེད།

ལིའུ་ཁྲེང་མིང་གིས་གསུངས་དོན། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་ལས་ཀ་སྤེལ་བ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྔོ་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ལྟ་བུའི་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་ནས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་གྱི་འཐབ་ཇུས་ལ་གནས་ཏེ་གསུམ་འཛུགས་མཉམ་འགུལ་ལག་ལེན་ཤུགས་ཆེན་བསྟར་ཞིང་། ཆུ་བོ་དང་མཚེའུ་སྐྱོན་བྲལ་ཡོང་བ་དང་རྒྱུན་སྲིང་བེད་སྤྱོད་བྱ་རྒྱུས་དམིགས་ཡུལ་བྱས་ཏེ་ཆུ་བོ་དང་མཚེའུ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱས་པ་དང་།རྒྱུན་ཆད་མེད་པར་སྤྱི་ཚོགས་ཡོངས་ཀྱི་བདག་སྐྱོང་སྒུལ་ཤུགས་སྐུལ་སློང་བྱས་ཏེ།ཁུལ་ཡོངས་སུ་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལས་ཀར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་ཐད་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་པ་རེད།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་ནི་དམངས་ཕན་ལས་གཞི་ཡིན་ལ་འགན་འཁྲི་ནི་དེ་བས་ཀྱང་ཡིན་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་གྲོས་ཚོགས་འཚོགས་ཏེ་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལས་ཀར་བཀོད་སྒྲིག་བྱས་ཏེ་རང་ཁུལ་གྱི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལས་ཀ་ཡག་མོ་བསྒྲུབ་རྒྱུའི་སྐོར་ལ་བླང་བྱ་དེ་བས་མཐོན་པོ་བཏོན་པ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྲ་བརྟན་འགྱུར་མེད་ཀྱིས་ཁྲིད་སྟོན་འོག་སྔ་ལས་ལྷག་པར་བསམ་བློ་ངོས་འཛིན་ཇེ་དྲག་གཏོང་བ་དང་ལས་ཀའི་བསམ་ཕྱོགས་གསལ་པོ་བྱེད་པ།ལས་ཀའི་བྱེད་ཐབས་ཇེ་དྲག་གཏོང་བ་བཅས་བྱས་ནས་ཆུ་བོ་དང་མཚེའུ་བཅོས་སྐྱོང་ཡག་མོ་དང་དོ་དམ་ཡག་མོ། སྲུང་སྐྱོང་ཡག་མོ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ལེགས་ཆ་དེ་ལྗང་མདོག་འཕེལ་རྒྱས་ཀྱི་ལེགས་ཆ་ལ་བསྒྱུར་དགོས།

རྟིང་མར་ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཆབ་སྲིད་ལངས་ཕྱོགས་ཡང་བསྐྱར་མཐོར་འདེགས་གཏོང་དགོས་པ་དང་གཅིག གནད་དོན་དག་བཅོས་ཡང་བསྐྱར་ནན་འཛིན་དངོས་འཛིན་བྱ་དགོས་པ་དང་གཉིས། གཙོ་གནད་ལས་ཀར་ཡང་བསྐྱར་ཤུགས་སྣོན་དགོས་པ་དང་གསུམ། ལས་ཀའི་འགན་འཁྲི་ཡང་བསྐྱར་གནོན་དགོས་པ་དང་བཞི། ལྟ་སྐུལ་དཔྱད་ཞིབ་ཡང་བསྐྱར་ནན་པོ་བྱ་དགོས་པ་དང་ལྔ། གླེང་ཕྱོགས་ཁྲིད་སྟོན་ཡང་བསྐྱར་ཤུགས་སྣོན་དགོས་པ་དང་དྲུག་བཅས་རེད།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།