སི་ཁྲོན་དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་གིས་རྨས་སྐྱོན་ཕོག་པ་དང་དཀའ་གནས་སུ་གྱར་བའི་གསའ་སྐྱོབ་རོགས་ཐེངས་གསུམ་པ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་26ཉིན་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་བཙན་མདའ་ཤང་ཕུ་མ་གྲོང་ཚོར་གྲོང་མི་ཚོས་བློ་སེམས་གཅིག་འགྲིལ་ངང་གསའ་སྐྱོབ་བཅོས་བྱེད་བཞིན་ཡོད་པ་རེད། འདི་ནི་རྫོང་དེས་རྨས་སྐྱོན་ཕོག་པ་དང་དཀའ་གནས་སུ་གྱར་བའི་གསའ་སྐྱོབ་རོགས་བྱེད་ཐེངས་གསུམ་པ་དེ་རེད། གོང་གསལ་ཐེངས་གཉིས་ནི་2015ལོའི་ཟླ་11པར་སེར་ཤུལ་རྫོང་བཙན་མདའ་ཤང་གི་ལས་བྱེད་པ་དང་གྲོང་མི་ཚོས་བློ་སེམས་གཅིག་འགྲིལ་ངང་རྨས་སྐྱོན་ཕོག་པའི་གསའ་སྐྱོབ་བཅོས་བྱས་པ་དང་། 2017ལོའི་ཟླ་9པར་བཙན་མདའ་ཤང་གི་ས་གནས་དེ་གའི་ཕུག་ལམ་ཆུང་ངུ་ཞིག་ནས་གསའ་ཕྲུག་གསུམ་སླར་ཡང་རྙེད་པ་དེ་རེད།

ད་ཐེངས་གསའ་གསར་རྙེད་བྱུང་བའི་ནགས་སྲུང་བ་ལྕགས་ཐར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔ་ནི་དགུན་དུས་ནགས་སྲུང་མེ་ཟོན་གྱི་དུས་སྐབས་གལ་ཆེན་ཞིག་ཡིན་པས། སྐབས་དེ་དུས་ལྕགས་ཐར་དང་རུ་མི་འགའ་ཞིག་གིས་རྫོང་ཨུད་དང་སྲིད་གཞུང་གི་བླང་བྱ་ལྟར་ཕུ་མ་གྲོང་ཚོའི་ཁོངས་སུ་རི་སྐོར་བྱེད་པའི་སྐབས་གསའ་གཉིས་ཀྱིས་གནའ་བ་ཞིག་འཕྲོག་རེས་བྱས་ཏེ་འཛིང་རེས་བྱེད་བཞིན་ཡོད་པ་མཐོང་བ་རེད། དེའི་ནང་གི་གསའ་ཞིག་ལོ་ན་ཅུང་ཆེ་བས་གཞན་དེས་སོ་བརྒྱབ་ནས་རྨས་ཡོད་པ་རེད། གསའ་ཡིས་ནགས་སྲུང་བ་ཚོ་ཉེ་སར་བཅར་བ་མཐོང་དུས་འཛེང་རེས་བྱེད་མཚམས་བཞག་ནས་བྲེལ་འཚུབ་ངང་བྲོས་སོང་བ་རེད།

རྨས་སྐྱོན་ཕོག་པའི་གསའ་དེར་བློ་མ་བདེ་བའི་རུ་མི་ཚོས་ཤེས་རྟོགས་བྱུང་བའི་གནས་ཚུལ་འཕྲལ་དུ་ཁོངས་གཏོགས་དོ་དམ་གྱི་རྩ་དོན་གཞིར་བཟུང་ནས་ཤང་དེའི་ཏང་ཨུད་དང་སྲིད་གཞུང་ལ་སྙན་སེང་ཞུས་པ་དང་། ལས་རིགས་གཙོ་གཉེར་སྡེ་ཚན་ནགས་རྩྭ་ཅུས་དང་འབྲེལ་བ་བྱས་པ་དང་འབྲེལ་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་སྙན་སེང་ཞུས་པ་རེད། རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཤང་ཏང་ཨུད་དང་ཤང་སྲིད་གཞུང་དང་ནགས་རྩྭ་ཅུས་ལ་འཕྲལ་དུ་མི་སྣ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་ཀྱི་ཉེ་འགྲམ་དུ་བསྐྱོད་དེ་རྨས་སྐྱོན་ཕོག་པའི་གསའ་བཙལ་ནས་སྨན་བཅོས་བྱེད་དགོས་མིན་ལྟ་དགོས་པའི་བླང་བྱ་བཏོན་པ་རེད། མི་དེ་ཚོ་སླར་ཡང་ཡུལ་དངོས་སུ་སླེབས་དུས་རྨས་སྐྱོན་ཕོག་པའི་གསའ་དེས་ཕལ་ཆེར་རྔོན་དངོས་དེ་བློས་མ་ཐོངས་བ་ཡིན་སྲིད་པས་སླར་ཡང་གནའ་བའི་འགྲམ་དུ་ལོག་ནས་ཉལ་བསྡད་ཡོད། རྨས་སྐྱོན་ཕོག་པའི་རྐྱེན་གྱིས་མི་ཡོང་ནའང་བྲོས་ཀྱི་མེད། ཚང་མས་གྲོས་བསྡུར་ཅུང་ཙམ་བྱས་རྗེས་སྔོན་ལ་ཕྱུགས་རིགས་སྨན་པས་ཡུལ་དངོས་སུ་རྨས་སྐྱོན་ཕོག་པའི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། གསའ་དེས་མིར་རྨས་སྐྱོན་མི་བཟོ་བ་སྔོན་འགོག་བྱ་ཆེད། ཚང་མའི་གཞོགས་འདེགས་འོག་དགོས་ངེས་ཀྱི་འགོག་སྲུང་བྱེད་ཐབས་སྤྱད་ནས། རྨས་སྐྱོན་ལ་ཞིབ་བཤེར་བྱེད་མགོ་བརྩམས་ཤིང་། ཞིབ་བཤེར་བྱས་པ་བརྒྱུད་གསའི་ལག་གཡོན་མ་དང་རྐང་པ་གཡོན་མ་ཚང་མར་སོ་བརྒྱབ་ཡོད་པ་ཤེས་པ་དང་། དེའི་ནང་གི་ལག་གཡོན་མར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པས་འགྲོ་ཐབས་མེད་པར་གྱུར། དེ་རྗེས་ཚང་མས་གསའ་དེ་སྨན་ཁང་དུ་འཁྱེར་ནས་སྨན་བཅོས་བྱ་རྒྱུའི་ཐག་བཅད།

མིག་སྔར་ས་གནས་དེ་གའི་ཤང་ཏང་ཨུད་དང་སྲིད་གཞུང་དང་། གྲོང་མི་ཚོའི་ཕྱར་བ་གྲུ་འདེགས་འོག་གསའི་རྨས་སྐྱོན་ལ་སྨན་བཅོས་རགས་ཙམ་བྱས་ཟིན་པ་དང་། སེར་ཤུལ་རྫོང་ནགས་རྩྭ་ཅུས་ཀྱིས་མིག་སྔའི་སྨན་བཅོས་དང་གསོ་སྐྱོང་ཐད་སྒོར་5000སྤྲད་པ་མ་ཟད། གསའ་དེ་གསར་རྙེད་དང་སྐྱོབ་བཅོས་བྱེད་མཁན་ནགས་སྲུང་བར་བྱ་དགའ་སྒོར་2000སྤྲད་པ་རེད། གསའ་ཡི་རྨ་ཁ་སླར་གསོ་བྱུང་རྗེས་ནགས་ཁྲོད་དུ་གློད་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།