སི་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་གནོད་འཚེ་ཕོག་པའི་དཀའ་ངལ་ཅན་གྱི་མང་ཚོགས་ལ་སྒོར་ཁྲི2000ལ་ཉེ་བའི་གྲང་འགོག་དངོས་ཟོག་བསྐྱལ་བ།

1125250461_15741575725781n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན། སི་ཁྲོན་ཞིང་ཆེན་གནོད་ཐེབས་རོགས་སྐྱོར་ཨུ་ཡོན་ལྷན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་གནོད་འཚེ་ཕོག་པའི་དཀའ་ངལ་ཅན་གྱི་མང་ཚོགས་ལ་སྒོར་ཁྲི2000ལ་ཉེ་བའི་གྲང་འགོག་དངོས་ཟོག་བསྐྱལ་བ་དང་། “སི་ཁྲོན་མྱུར་སྐྱོབ་གྲང་འགོག་དངོས་ཟོག”སྦྱར་བྱང་བཀལ་བའི་ལྗིད་ཐེག་རླངས་འཁོར་ཆེ་གྲས་ནང་སྒོར་ཁྲི2000ཡི་རིན་ཐང་ཡོད་པའི་གྲང་འགོག་དངོས་ཟོག་བརྩིགས་ཤིང་། ཟླ11ཚེས19ཉིན་ནས་བཟུང་གཅིག་རྗེས་གཉིས་མཐུད་དུ་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ21ལ་བསྐྱལ་བ་རེད།

    2019ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་ལ་ས་ཡོམ་དང་། དྲག་ཆར། ཆུ་ལོག རི་ཉིལ། འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་བསྟུད་མར་བྱུང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ནས། གནོད་ཐེབས་ས་ཁུལ་གྱི་མི་དམངས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པས། གྲང་ངར་ཆེ་བའི་དགུན་ཁ་ཐོན་ལ་ཉེ་བའི་བར་སྐབས་འདིར། གནོད་འཚེ་ཕོག་པའི་དཀའ་ངལ་མང་ཚོགས་ཀྱི་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་འཚོ་བར་འགན་ལེན་བྱ་ཆེད། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཅིག་གྱུར་གྱི་བཀོད་སྒྲིག་གཞིར་བཟུང་། སི་ཁྲོན་ཞིང་ཆེན་གནོད་ཐེབས་རོགས་སྐྱོར་ཨུ་ཡོན་ལྷན་ཁང་གིས་ཉལ་ཆས་ཁྲི11དང་། སྲིང་བལ་ལྭ་རིང་ཁྲི3། སྲིང་བལ་གོས་ཐུང་ཁྲི2སོགས་ཀྱི་གྲང་འགོག་དངོས་རྫས་གྲ་སྒྲིག་བྱས། སྔོན་དཔག་བྱས་པ་ལྟར་ན་ཟླ11པའི་ཚེས30ཉིན་གྱི་ཡར་སྔོན་དུ་གནོད་འཚེ་ཕོག་པའི་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་ལག་ཏུ་སྤྲོད་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།