གཅིག་སྒྲིལ་ནས་འབར་ཁམས་དབར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་འཆར་འདུག

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས22ཉིན་གྱི་ཞོགས་པར། རྔ་བ་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཚིགས་ཐོག་བདུན་པའི་ཚོགས་རར་མགོ་ལོག་གཅིག་སྒྲིལ་རྫོང་ནས་འབར་ཁམས་དབར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་སུ་ནགས་ས་དང་རྩྭ་ས་བཟུང་སྤྱོད་དགོས་པའི་མཐུན་འགྲིག་གི་ཚོགས་འདུ་བསྡུས་ཤིང་། འབར་ཁམས་དང་། ཧུང་ཡོན་རྫོང་དང་། རྔ་བ་རྫོང་བཅས་ཀྱི་ཁོངས་སུ་མགྱོགས་ལམ་འདི་བསྐྲུན་པར་ནགས་ས་དང་རྩྭ་ས་བཟུང་སྤྱོད་དགོས་ཚུལ་དང་། ཇི་ལྟར་བཟུང་སྤྱོད་བྱ་ཚུལ་དང་། དེ་དང་འཕྲད་ངེས་པའི་གནད་དོན་སོགས་ཀྱི་སྐོར་ལ་ཕན་ཚུན་གྲོས་སྡུར་དང་གཏམ་བཤད་བྱས། 

2.jpg

ཚོགས་ཐོག་ཏུ་རྔ་བ་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུང་ཀྲང་། ཏང་ཨུའི་ཧྲུའུ་ཅི་ཧྥེང་ཡུས་ལགས་ཀྱིས་གཏམ་བཤད་བྱས་ཤིང་། ཁོང་གིས་བཤད་དོན། བྱ་བ་འདི་ལ་ངོས་ཟིན་གསལ་ཐག་ཆོད་པ་ཞིག་ཡོད་དགོས་ཏེ། འགྲིམ་འགྲུལ་ནི་འཕེལ་རྒྱས་ཀྱི་རྩ་བ་ལྟ་བུ་ཡིན་ལ། ཁྱད་པར་དུའང་ང་ཚོ་རྔ་བ་ཁུལ་ལྟ་བུའི་རང་བྱུང་གི་གནོད་པ་མང་བ་དང་། མཐའ་འཁོབ་ཏུ་གྱུར་པ། དབུལ་ཐལ་ཆེ་བ་སོགས་གཅིག་ཏུ་འདུས་པའི་ས་ཆར་མཚོན་ན་ལྷག་པར་དུ་ཡང་འགྲིམ་འགྲུལ་སྟབས་ཇེ་བདེར་གཏོང་རྒྱུ་དེ་ནི་ཤིན་ཏུ་གལ་ཆེ་ཞིང་། གནད་དུ་གྱུུར་པ་ཞིག་ཡིན། འདིས་ས་གནས་དང་ས་གནས་དབར་གྱི་འབྲེལ་འདྲིས་ཇེ་ཟབ་དང་ཕན་ཚུན་དབར་གྱི་འགྲུལ་བཞུད་ཇེ་ཆེར་གཏོང་བ་དང་། དབུལ་བྲལ་ཕྱུག་འགྱུར་དང་། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་མཉམ་དར་འོངས་པ་སོགས་ལ་ཤིན་ཏུ་སྨན་པ་ཡིནས་པས་བྱ་གཞག་འདི་ལ་ཀུན་གྱིས་གཙིག་ཆེན་དང་ནན་ཏན་བྱ་དགོས་ཚུལ་སོགས་མང་དུ་བཤད། 

དེ་མིན་གཅིག་སྒྲིལ་དང་འབར་ཁམས་དབར་གྱི་མྱུར་བགྲོད་གཞུང་ལམ་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་མགོ་གཙོ་དབྱང་ཡུང་ལགས་ཀྱིས་གཅིག་སྒྲིལ་དང་འབར་ཁམས་དབར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་དང་འབྲེལ་བའི་གནད་དོན་ཁག་དང་། དེ་མིན་ནགས་ས་དང་རྩྭ་ས་བཟུང་སྤྱོད་མཐུན་འགྲིག་དང་འབྲེལ་བའི་སྐོར་གྱི་དོན་དག་རྣམས་སྙན་ཞུའི་ཚུལ་དུ་བཤད་པ་དང་། འབྲེལ་ཡོད་ལས་ཁུངས་སོ་སོའི་ཚོགས་ཞུགས་མི་སྣས་འདེར་འབྲེལ་གྱི་སྐོར་ལ་ཕན་ཚུན་དཔྱད་གླེང་དང་། ཕན་ཚུན་གྲོས་སྡུར་སོགས་བྱས། 

ཚོགས་ཐོག་ཏུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུས་དང་། མྱུར་བགྲོད་གཞུང་ལམ་ཀུང་སིའི་འབྲེལ་ཡོད་མགོ་ཁྲིད་དང་ལས་བྱེད་པ་ལས་གཞན། ཁུལ་འགྲིམ་འགྲིལ་ཉེན་རྟོག་ཅུས་དང་། ཁུལ་གཞུང་ལམ་ཅུས་དང་། རྔ་བ་རྫོང་དང་ཧུང་ཡོན་རྫོང་དང་། འབར་ཁམས་རྗོང་བཅས་ཀྱི་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་མི་སྣ་སོགས་ཀྱང་ཚོགས་འདུར་ཞུགས་འདུག་གོ །  

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།