རྔ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གནས་མཆོག་སྐྱིད་པོ། ཁུལ་ཡོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་པའི་གནས་ཚུལ་དངོས་བྲིས།

b8439e35-2685-42e6-8480-207f2717d173.jpg

 ཡུལ་འདི་ཡི་བརྗིད་ཆགས་ཀྱི་གངས་རི་ར་བས་རྔ་བའི་འཕོ་འགྱུར་མཚོན་ཡོད་ཅིང་། ལྷུང་ལྷུང་དུ་བཞུར་བའི་གཙང་བོ་རེ་རེས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གླེང་བཞིན་ཡོད། ཡུལ་དེ་ནི་རྔ་བ་ཁུལ་ཡིན་ལ། མི་རིགས་མཐུན་སྒྲིལ་གྱི་གནས་མཆོག་སྐྱིད་པོའང་ཡིན།

རྔ་བ་ཁུལ་གྱི་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་8.42ཡོད་ལ། མངའ་ཁོངས་སུ་རྫོང་དང་གྲོང་ཁྱེར་13འདུས་ཤིང་། རྒྱལ་ཡོངས་ཀྱི་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དང་དམར་དམག་རྒྱང་སྐྱོད་ཀྱི་གངས་རི་དང་རྩྭ་ཐང་བརྒལ་སའི་གསར་བརྗེའི་གནས་རྙིང་གཅིག་པུ་དེ་ཡིན། རྔ་བ་ཁུལ་གྱི་ལོ་རྒྱུས་ནི་མི་རིགས་བར་ཕན་ཚུན་འགྲོ་འོང་དང་བསམ་བློ་བརྗེ་རེས། མཉམ་འདྲེས་བྱུང་བའི་མཐུན་སྒྲིལ་ཡར་ཐོན་གྱི་ཟིན་བྲིས་ཤིག་ཡིན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་རྒྱུན་བཟང་བོའང་ཆགས་ཡོད། རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པ་ནས་མི་རིགས་མཐུན་སྒྲིལ་གྱི་སྒོ་མོ་ཐོག་མར་ཕྱེས་ཤིང་། ཇ་རྟའི་ཚོང་ལམ་ནས་མི་རིགས་ཡར་ཐོན་གྱི་ལམ་བུ་བཏོད་ཡོད། ཁུལ་བཙུགས་ནས་བཟུང་ཏང་གི་མི་རིགས་སྲིད་ཇུས་ཀྱི་ཉི་འོད་འཇམ་པོའི་འོག ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལག་རྡང་སྦྲེལ་ནས་དཔུང་པ་མཉམ་གཤིབ་དང་སྐྱིད་སྡུག་མཉམ་དུ་རོལ་ནས་འོད་སྟོང་འཕྲོ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྤེལ་འདུག

 འཆར་གཞི་ཆེ་འགོད།  མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་དབྱངས་རྟ་སྙན་མོ་ཞིག

མི་རིགས་མང་པོ་མཉམ་དུ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་ཞེས་པ་འདི་ནི་རྔ་བ་ཁུལ་གྱི་ཁྱད་ཆོས་ཁོ་ན་ཡིན་ལ། དེས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དམིགས་བསལ་གོ་གནས་ཀྱང་མཚོན་ཡོད། ཞེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་ཁུལ་བསྐྲུནཔའི་སྐུལ་སྤེལ་ཚོགས་འདུ་ལས་གསུངས་པ་རེད།

རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ལས་ཀའི་སྙན་ཞུའི་ཚོགས་འདུ་ལས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ལས་ཀ་དང་ཁུལ་ཡོངས་ཀྱི་གཙོ་གནད་ལས་ཀ་གཉིས་ཟུང་དུ་སྦྲེལ་ནས། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བ། ཐོད་བརྒལ་དང་རིམ་སྤར་གྱི་ལམ་བུར་བསྐྱོད་པ། མི་རིགས་ས་ཁུལ་གྱི་དམངས་འཚོ་ལེགས་བཅོས་དང་དམངས་ཕྱུག་འཆམ་མཐུན་གྱི་ལམ་བུ་འཚོལ་ཞིབ་བྱ་དགོས་ཞེས་གསུངས་པ་རེད།

མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་དབྱངས་རྟ་སྙན་མོ་ཞིག ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་མཛུབ་ཁྲིད་དུ་འཛིན་པ་རྒྱུན་བསྐྱངས་ཤིང་། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་མི་རིགས་ཁག་ཐུན་མོང་ངང་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ངང་དར་རྒྱས་སུ་གཏོང་བའི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པ་བྱས་ཏེ། ཚད་གཞི་མཐོན་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཇུས་འགོད་དང་སྐུལ་འདེད་བཏང་བས། རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པར་སྐྱེ་ཁམས་་དང་འཕེལ་རྒྱས། དམངས་འཚོ། བརྟན་བརླིང་། སྤྱོད་གཙང་བཅས་ཀྱི་དོན་ཆེན་ལྔ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་འཕེལ་རྒྱས་སུ་སོང་བ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་བརླིང་དང་ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།

2010ལོར། རང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་དཔེ་སྟོན་ལས་ཀ་སྒྲུབ་མགོ་བཟུང་ཞིང་། 2017ལོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་《རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་པའི་ལས་ཀའི་འཆར་གཞི། 》དངོས་སུ་བཏོན། 

2018ལོར། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་པར་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་སྐྲུན་པར་སྐུལ་འདེད་བཏང་། མིག་སྔར། རང་ཁུལ་ལ་རྒྱལ་ཁབ་རིམ་པའི་དཔེ་སྟོན་ལས་ཁུངས་4དང་རྒྱལ་ཁབ་རིམ་པའི་སློབ་གསོའི་རྟེན་གཞི་3། རྒྱལ་ཁབ་རིམ་པའི་རྫོང་1། ཞིང་ཆེན་རིམ་པའི་རྫོང་5དང་ཁུལ་རིམ་པའི་སྔོན་ཐོན་ལས་ཁུངས་1136། ཐུན་མོང་དཔེ་བཟང་412དང་སྔོན་ཐོན་མི་སྒེར་1284སོགས་ལ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱིས་གཟེངས་བསྟོད་བྱས།

 དམངས་འཚོ་ལེགས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་བདེ་སྐྱིད་ཀྱི་དཔག་བསམ་ལྗོན་བཟང་ཡིན།

ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་གནད་འཁེལ་དང་ཡུལ་གཞན་དུ་གནས་སྤོའི་སྲིད་ཇུས་བཟང་པོ་སྤེལ་བར་ཐུགས་རྗེ་ཆེ་ཞུ།  ངེད་ཚང་ཁང་བ་གསར་བར་བསྡད་ནས་འཚོ་བ་སྔར་བས་ཇེ་བཟང་ཇེ་སྐྱིད་དུ་སོང་ཡོད་ཅེས་2017ལོར་དབུལ་བྲལ་བྱུང་བའི་རྔ་བ་རྫོང་བར་མ་ཡུལ་ཚོའི་ཀ་ཤུལ་སྡེ་བའི་དབུལ་ཁྱིམ་ཚེ་རིང་བཀྲ་ཤིས་ཀྱིས་དགའ་སྤྲོའི་ངང་བཤད།

2018ལོར།   ཀ་ཤུལ་སྡེ་བ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྡེ་གསར་བསྐྲུན་པའི་མིང་ཐོར་བཀོད་ཅིང་།  སྡེ་བའི་ནང་གི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་བས།   སྡེ་མི་ཚོས་བཞི་བཟང་གི་འཚོ་བ་གསར་བ་རོལ་ཐུབ་པ་རེད།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་དབུལ་བྲལ་གནད་སྒྲོལ་དེ་ལས་ཀ་ཡོད་ཚད་ལས་གཙོ་བོར་བཟུང་ཡོད། མིག་སྔར། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་10དབུལ་རྫོང་གི་ཞྭ་མོ་ཕུད་ཡོད་པ་དང་། དབུལ་ཕོངས་མི་འབོར་དེ་2013ལོའི་ལོ་མཇུག་གི་མི་ཁྲི་10.4ལས་2018ལོའི་ལོ་མཇུག་དུ་མི་ཁྲི་0.5ཇེ་ཉུང་དུ་སོང་ཡོད། དབུལ་སྡེ་606ལས་དབུལ་སྡེ་33ལ་ཇེ་ཉུང་དུ་སོང་ཡོད། ད་ལོར། རང་ཁུལ་གྱིས་ཆེས་མཐའ་མའི་རྫོང་3གྱིས་དབུལ་བྲལ་གྱི་ཚད་ལེན་པ་དང་དབུལ་སྡེ་33ལས་དབུལ་ཕོངས་ཐར་བ། དབུལ་ཕོངས་མང་ཚོགས་4862དབུལ་ཕོངས་ལས་ཐར་བའི་ལས་འགན་འགྲུབ་པར་བྱ་དགོས་དགོས་ཤིང་། དུས་མཚུངས་སུ་དབུལ་ཞྭ་འབུད་དགོས་པའི་རྫོང་དང་གྲོང་ཁྱེར་གྱི་ལས་ཀ་ལེགས་པོར་བསྒྲུབ་དགོས།

རང་ཁུལ་དུ་མཛེས་སྡུག་གི་སློབ་གླིང་ན་ལོ་བཅོ་ལྔའི་འོས་བབ་སློབ་གསོ་མྱོང་བཞིན་པའི་སློབ་མ་མང་པོ་ཡོད་ཅིང་། སི་ཁྲོན་མི་རིགས་ས་ཁུལ་དུ་རྫོང་ཁོངས་ཀྱི་འོས་བབ་སློབ་གསོ་གཞི་རྩའི་ཆ་ནས་ཐོག་མར་དོ་མཉམ་ཡོང་དགོས། སློབ་གསོ་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུ་འབུལ་རྒྱུ་ནི་རང་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་མཚོན་ན་ཀུན་ལ་ཕན་པའི་དམངས་འཚོའི་བྱ་བ་དངོས་རེད།

འཕེལ་རྒྱས་ལ་ཤུགས་སྣོན། མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་སྐུལ་ལྕག་ཡིན།

མཐུན་སྒྲིལ་ནི་མི་རིགས་ས་ཁུལ་འགོམ་བརྒལ་ལྟར་འཕེལ་རྒྱས་སུ་འགྲོ་བ་དང་ཡུན་རིང་བདེ་འགོད་ཡོང་བའི་རྨང་རྡོ་ཡིན།  མཐུན་སྒྲིལ་གྱི་ཨ་ལོང་སྦྲེལ་ནས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་སུ་འགྲོ་བ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་པོས་མི་རིགས་བར་གྱི་མཛའ་མཐུན་གྱི་བརྩེ་བར་སྐུལ་འདེད་དང་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

2016ལོར། ཧུང་ཡོན་རྫོང་ཀུན་ཕན་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། མདོ་དབུས་མཐོ་སྒང་གི་རོང་འབྲོག་པའི་ཁེ་ལས་ཆེས་ཐོག་མ་དེ་ཡིན། ས་མུའུ་74ཡོད་པའི་ཧུང་ཡོན་རྫོང་ཀུན་ཕན་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནི་རྫོང་ཡོངས་ཀྱི་སྡེ་བ་ཡོད་ཚད་ཀྱི་དཔལ་འབྱོར་རྨང་གཞི་ཡིན་པར་མ་ཟད། རོང་འབྲོག་པ་དང་ཁེ་ལས། འཛད་སྤྱོད་པ་སོགས་ཀྱི་འབྲེལ་ཐག་ཡིན།  

ཐོན་ལས་དང་པོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པ་དང་བསྟུན་ནས་རང་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་ཐོན་ལས་གཉིས་པའི་འཕེལ་ཕྱོགས་ཡག་པོ་ཡོད་པ་དང་ནུས་རྒྱུ་གསར་སྤེལ་ལ་བརྩོན་དགོས། དེ་དང་ཆབས་ཅིག་ལྗོངས་སྐོར་ལས་རིགས་ཀྱིས་གཙོ་ཁྲིད་བྱས་པའི་ཐོན་ལས་གསུམ་པ་དེ་རང་ཁུལ་གྱི་ས་གཞི་ཡོངས་སུ་ཁྱབ་པར་བྱེད་དགོས།།

ལྗང་མདོག་ནི་རྔ་ཁུལ་གྱི་རང་མདངས་ཡིན་ལ། སྐྱེ་ཁམས་ནི་རྔ་ཁུལ་གྱི་མཛེས་ཆོས་ཡིན། སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ལེགས་པར་བསྐྲུན་ནས་ཁུལ་ཡོངས་སུ་ནགས་ཚལ་དང་རྩྭ་ཐང་གི་ཁེབས་ཚད་བརྒྱ་ཆ་80ཟིན་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་10དང་བརླན་ས་སྤྱི་གླིང་4བཅས་ཡོད།

ཁྱད་ལྡན་འཕེལ་རྒྱས་རྒྱུན་བསྐྱངས་ཏེ་སྤུས་ཚད་དང་ཡོང་འབབ་མཐོ་རུ་བཏང་། ཁུལ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་དེ་1978ལོའི་སྒོར་དུང་ཕྱུར་3.58ནས 2018ལོར་སྒོར་དུང་ཕྱུར་306.7འཕར་ཡོད་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དངོས་པོའི་རྨང་གཞི་སྲ་ཞིང་བརྟན་པ་རེད།

མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཟེར་བ་ལྟར། ཁ་སང་། རྔ་ཁུལ་གྱི་འཕེལ་རྒྱས་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་བྱུང་བ་དང་། དེང་སང་། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་བསྐྲུན་པའི་རླབས་ཆེན་གྱི་ལག་ལེན་དེ་ཡང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་འབྲལ་ཐབས་མེད། སང་ཉིན། རྔ་ཁུལ་གྱི་འབྱོར་འབྲིང་ཀུན་ནས་འགྲུབ་པ་དང་ཡང་ནས་ཡང་དུ་དར་རྒྱས་འབྱུང་བ། ཡུན་རིང་བདེ་སྡོད་ཡོང་བ་བཅས་ནི་དེ་བས་ཀྱང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་འབྲལ་ཐབས་མེད། རྔ་ཁུལ་གྱི་ས་གཞི་ཆེན་མོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྒྱས་པར་བཞད་ཅིང་། ཡུལ་སྡེ་རེ་རེས་ཡར་ཐོན་གྱི་གླུ་དབྱངས་སང་སང་དུ་ལེན་བཞིན་ཡོད་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཛེས་རིས་ཤིག་གིས་རྔ་ཁུལ་གྱི་མི་རིགས་སོ་སོས་ཐུན་མོང་འབད་བརྩོན་དང་ཐུན་མོང་འཕེལ་རྒྱས་ཀྱི་བགྲོད་ལམ་ཡངས་པོ་ཟིན་བྲིས་སུ་བཏབ་ཡོད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།