རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་ལ་གསེར་ཐར་ཡུལ་སྐོར་ལས་རིགས་ཀྱི་འཕེལ་ཁ་ཚ། ​

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་སྐབས་ཀྱི་ཡུལ་སྐོར་སྣེ་ལེན་ལས་ཀ་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱེད་ཆེད། གསེར་ཐར་རྫོང་གིས་གོ་ལ་ཐང་ཡུལ་ཚོ་དང་རྒྱ་ཤོད་ཡུལ་ཚོ། སྦོ་མདའ་དང་ཡང་འོ། ཤེལ་གྲུབ་དང་ཧོར་ཤུལ། གནུབས་གཟུར་གྲོང་དང་གནུབས་གཟུར་གཞུང་ལམ་ཞིག་གསོའི་ཞབས་ཞུ་ལྟེ་གནས། སྙན་ལུང་ཡུལ་ཚོ་དང་གེ་སར་སྒྱུ་རྩལ་ལྟེ་གནས་སོགས་ཡུལ་སྐོར་གནས་ཚུལ་འདྲི་རྩད་ཀྱི་ཞབས་ཞུའི་ས་ཚུགས་བཙུགས་ཤིང་། ཡུལ་སྐོར་བ་རྣམས་ལ་རིན་མེད་ཀྱི་ཉེན་སྐྱོབ་སྨན་རྫས་དང་མྱུར་སྐྱོབ་ཁུག་མ་སོགས་མཁོ་འདོན་བྱས་པ་དང་། དྲིལ་སྒྲོག་ཡིག་རིགས་སྣ་མང་འགྲེམ་སྤེལ་བྱས་པར་མ་ཟད། ད་དུང་ཡུལ་སྐོར་བའི་འབྲེལ་ཡོད་འདྲི་རྩད་ལ་དང་ལེན་བགྱིས་ཤིང་། ཡུལ་སྐོར་ཆ་འཕྲིན་ཇི་ལྟར་བ་བཞིན་དུ་མཁོ་འདོན་དང་། ལམ་སྟོན་རོགས་སྐྱོར་དང་སྟབས་བདེའི་ཞབས་ཞུ་གང་ལེགས་བྱས་པ་རེད།

གཞུང་ལམ་སོ་སོའི་འདུས་མདོ་རུ་ཡུལ་སྐོར་བ་རྣམས་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་དང་ལས་སྒྲུབ་མི་སྣ་རྣམས་ལས་ཀའི་བྲེལ་འཚུབ་ཇེ་ཆེ་ནས་ཇེ་ཆེར་སོང་བ་དང་བསྟུན། རྒྱལ་སྟོན་དུས་ཆེན་གྱི་དུས་སྐབས་འདིར་སྒྲིག་ཡོད་ཚུལ་ལྡན་ཡོང་བར་ཁག་ཐེག་བྱེད་ཆེད། སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པ་རྣམས་ཀྱིས་གསེར་ཐར་གྱི་གྲུ་ཟུར་སོ་སོ་རུ། ཡུལ་སྐོར་བ་རྣམས་ལ་འཕྲད་པའི་དོགས་གཞི་དང་དཀའ་ངལ་གྱི་གནད་དོན་བསལ་བར་བྱས་ཤིང་། ཁོང་ཚོས་ཁ་ཡོད་ལག་ཡོད་ཀྱི་ལག་ལེན་བྱས་ཏེ་ཡུལ་སྐོར་བ་རྣམས་ལ་གསེར་ཐར་གྱི་ལས་སྒྲུབ་མི་སྣ་ཡོངས་རྫོགས་བདེ་སྲུང་མི་སྣ་དང་ཞབས་ཞུའི་མི་སྣ། གཙང་སྦྲ་བ་དང་ཉེན་སྐྱོབ་མཁན། དྲིལ་སྒྲོག་པ་དང་ལམ་སྟོན་པ་ཡིན་པ་དང་། ཡུལ་སྐོར་བ་རྣམས་བདེ་འཇགས་ངང་འགྲུལ་བཞུད་ཡོང་བར་སྲུང་སྐྱོབ་ལམ་ཁྲིད་མཁན་ཡིན་པ་ར་སྤྲོད་བྱས། ཁོང་ཚོའི་གཟབ་ཅིང་ནན་པའི་སྒྲིག་ཁྲིམས་དང་ཚད་ལྡན་ཚུལ་མཐུན་གྱི་ལག་ལེན། ལྷག་བསམ་རྣམ་དག་གི་ཞབས་ཞུ་བྱས་པར་བརྒྱུད། ནུས་ཤུགས་ཡོད་དགུ་བཏོན་ནས་དོ་དམ་མངའ་ཁོངས་སོ་སོ་རུ་ཡུལ་སྐོར་གྱི་འཕེལ་ཁ་ཚ་བའི་དུས་སྐབས་འདིའི་གཞུང་ལམ་འགྲིམ་འགྲུལ་ལ་ལམ་ཁྲིད་ཕྱོགས་སྟོན་བྱས་ཞིང་། ཁྱོན་ཡོངས་ནས་སྒྲིག་ཡོད་བདེ་འཇགས་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་བསྐྲུན་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བའི་དུས་སྟོན་ལ་གེགས་མེད་བདེ་བླགས་ཀྱི་ཁོར་ཡུག་བསྐྲུན་པ་རེད།

ཉེ་བའི་ལོ་འདི་དག་གི་རིང་ལ། གསེར་ཐར་རྫོང་གིས་དམངས་ཁྱིམ་སྣེ་ལེན་ཁང་འཛུགས་སྐྲུན་འཕེལ་རྒྱས་བཏང་བ་དང་བསྟུན། ཡུལ་སྡེའི་ཡུལ་སྐོར་སྣེ་ལེན་གོམ་གང་མདུན་སྤོས་ཆ་འཛོམས་ཅན་ཡོང་བ་དང་། ཞབས་ཞུའི་ཆུ་ཚད་སྔར་ལས་ཇེ་ལེགས་སུ་སོང་ཞིང་། ཡུལ་སྡེའི་ཡུལ་སྐོར་ལ་ཡུལ་སྐོར་བའི་སྔར་ལས་ལྷག་པའི་དགའ་བསུ་ཐོབ་ཡོད། བརྟག་ཞིབ་བྱས་པ་ལྟར་ན། དམངས་ཁྱིམ་སྣེ་ལེན་ཁང་དང་ཡུལ་སྡེའི་ཡུལ་སྐོར་མགྲོན་ཁང་སོགས་ལ་ཡུལ་སྐོར་བ་སླེབས་གྲངས་བརྒྱ་ཆ98ལ་ཟིན་ཡོད་ལ། རྒྱང་རིང་གི་ཡུལ་སྐོར་བ་དང་སྒེར་འཁོར་བཏང་ནས་ཕེབས་པའི་ཡུལ་སྐོར་བ་ཉིན་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

ད་ལྟའི་བར་དུ། གསེར་ཐར་རྫོང་གིས་ཁྱོན་བསྡོམས་ཡུལ་སྐོར་བ་ཁྲི11.5995ལ་སྣེ་ལེན་བྱས་པ་དང་། ལོ་སྔོན་མ་དང་བསྡུར་ཚེ་བརྒྱ་ཆ25.7འཕར་ཞིང་། ཡུལ་སྐོར་གྱི་ཡོང་འབབ་དམངས་སྒོར་ཁྲི12759.41རག་པ་དང་། ལོ་སྔོན་མ་དང་བསྡུར་ཚེ་བརྒྱ་ཆ38.2འཕར་ཡོད་པ་རེད།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།