སི་ཁྲོན་གྱིས་ཤིན་ཏུ་དབུལ་བའི་མི་རིགས་ས་ཁུལ་ལ་དམིགས་ནས་ལོ5ཡི་རིང་མི་ཁྲི80ཙམ་དབུལ་པོའི་གནས་ལས་བསྒྲལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས5ཉིན། གསར་འགོད་པར་སི་ཁྲོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ནས་ཤེས་རྟོགས་བྱུང་བར། སི་ཁྲོན་གྱི་བོད་རིཌ་དང་དབྱིས་རིགས་ས་ཁུལ་གྱི་སྤྱི་ཡོངས་རང་བཞིན་གྱི་དབུལ་ཕོངས་ཞི་ལྷོད་དུ་ནུས་ལྡན་སོང་ནས་ལོ5ཡི་རིང་མི་འབོར་དབུལ་པོ་ཁྲི80ཙམ་དབུལ་པོའི་གནས་ལས་བསྒྲལ་ཡོད་པ་རེད།

དོ་ཁུར་ཆེན་པོ་ཐོབ་པའི“གད་ཟུར་གྲོང་ཚོ”ནི་སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཀྲའོ་ཅུའེ་རྫོང་ཀྲིར་མོ་ཤང་གི་ས་བབ་མཐོ་ཚད་སྨི་1400ནས་1600ཟིན་པའི་རི་སུལ་དུ་ཆགས་ཤིང་། ཡུལ་མི་ཚོ་རི་ཁུག་ནས་ཐོན་སྐབས་གཟར་ཁྱད་སྨི་800ཟིན་པའི་གད་པ་ཞིག་བབས་དགོས་ཀྱི་ཡོད། སི་ཁྲོན་གྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་མི་རིགས་ཤང་དབུལ་པོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མིག་སྔར“གད་ཟུར་གྲོང་ཚོའི”“སྦ་སྐས”དག“ལྕགས་སྐས”ལ་བརྗེས་ཟིན་པས་ཕྲུ་གུ་ཚོ་སློབ་གྲྭར་བསྐྱོད་སྐབས་ཞེད་སྣང་བྱེད་དགོས་མེད། གྲོང་ཚོར་ད་དུང་4Gདྲ་བ་འཁྲིད་པ་དང་ཞིང་སྐྱོར་དངུལ་ཁང་ཞབས་ཞུའི་ས་ཚིགས་བཙུགས་པ་མ་ཟད། ན་ནིང་སྤྱི་ཚོགས་ཀྱི་མ་དངུལ་འདྲེན་འགུགས་ཀྱིས་རིག་གནས་ཡུལ་སྐོར་རྣམ་གྲངས་བཏོད་པས་ཡུལ་མི་མི་ཉུང་བ་ཞིག“ལུག་རྫི”ནས་རི་ཁུལ་གྱི་ཡུལ་སྐོར་སྣེ་ཤན་པར་གྱུར་ཏེ་འབབ་འཕར་བྱུང་བ་དང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

“གད་ཟུར་གྲོང་ཚོའི”འགྱུར་ལྡོག་ནི་སི་ཁྲོན་གྱིས་ཤིན་ཏུ་དབུལ་བའི་མཁར་རྫོང་གཏོར་བའི་བསྡུས་རིས་ཤིག་རེད། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་ལྕི་ཤོས་ཀྱི་ཞིང་ཆེན་གྲས་ཤིག་ཡིན་པའི་སི་ཁྲོན་ཞིང་ཆེན་གྱི་ཤིན་ཏུ་དབུལ་བའི་རྫོང་45བོད་རིགས་དང་དབྱིས་རིགས་ས་ཁུལ་དུ་གནས་ཡོད་པ་དང་། དབུལ་པོར་འགྱུར་རྐྱེན་རྙོག་དྲ་ཆེན་པོ་ཡོད་དེ། རང་བྱུང་ཆ་རྐྱེན་དང་། མི་རིགས་ཆོས་ལུགས། སྤྱི་ཚོགས་བཅོས་སྐྱོང་སོགས་རྒྱུ་རྐྱེན་མཉམ་དུ་འདྲེས་ཡོད། སི་ཁྲོན་གྱིས་བོད་རིགས་དང་དབྱིས་རིགས་ས་ཁུལ་དེ་ཉིད་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་ཐོན་ཁུངས་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་དབུལ་པོའི་རྩ་བ་དྲུང་ནས་འབྱིན་པས་མི་འབོར་དབུལ་པོ་2013ལོའི་ཁྲི་116ནས་2018ལོའི་ཁྲི་36.4བར་ཉུང་དུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།