གླུ་མ་ཧན་ཧུང་གིས་སྨན་བཅོས་རོགས་སྐྱོར་ཚོགས་པ་ཁྲིད་དེ་རྔ་བར་འབྱོར།

001.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར།  སྐད་གྲགས་ཅན་གྱི་གླུ་མ་ཧན་ཧུང་གིས་སྨན་བཅོས་རོགས་སྐྱོར་ཚོགས་པ་ཞིག་ཁྲིད་དེ་རྔ་བ་རྫོང་དུ་འབྱོར་ཞིང་། ནད་པ་དབུལ་པོ་དང་ནད་ཚབས་ཆེན་ཅན་ལ་ཡུལ་དངོས་ནས་བརྟག་དཔྱད་བྱས་ཏེ། དྲག་སྐྱེད་ཡོང་བར་རོགས་སྐྱོར་བྱས།

002.jpg

ཉིན་དེའི་ཞོགས་པར། ཆར་བབས་ཀྱང་སྨན་བཅོས་རོགས་སྐྱོར་གྱི་ལས་ཀའི་མཚམས་མ་བཞག་པར་རྫོང་སྨན་ཁང་གི་ར་བའི་ཕྱོགས་བཞིར་ཆར་གདུགས་དཀར་པོ་གྲལ་དུ་ཕུབ་སྟེ་ནད་ལ་བརྟག་པའི་ལས་སུ་གཞོལ་བ་དང་། ནད་པ་རྣམས་ཀྱིས་ཀྱང་གོ་རིམ་ལྡན་པའི་ངང་ནས་ཚན་ཁག་སོ་སོ་མདུན་དུ་ཕྲེང་བསྒྲིགས་ནས་ནད་ལ་བརྟག་པར་གྲ་སྒྲིག་བྱས།

005.jpg

ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ནས་ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀྱི་བར་ནད་ལ་བརྟག་པའི་རྒྱུན་བསྐྱངས་པ་དང་། པེ་ཅིང་ཞེ་ཧོ་སྨན་ཁང་དང་། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་། བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་གསོ་རིག་ལྟེ་གནས་དང་པོ་(དེ་སྔའི་301)དང་། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་། ཀྲེ་ཅང་སློབ་ཆེན་གྱི་གསོ་རིག་གླིང་གི་ཞོར་གཏོགས་སྨན་ཁང་གཉིས་པ། ཀྲུང་ནན་སློབ་ཆེན་ཤང་ཡ་སྨན་ཁང་། ཀྲུང་གོ་གསོ་རིག་ཚན་རིག་ཁང་གི་སྐྲན་ནད་སྨན་ཁང་། རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཐེན་ཐན་སྨན་ཁང་། ཀྲུང་ཧན་སློབ་ཆེན་གྱི་ཞོར་གཏོགས་སྐྲན་ནད་སྨན་ཁང་། པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་། པེ་ཅིང་སྨན་ཁང་། སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་སོགས་ཀྱི་ཆེད་མཁས་སྨན་པ་རྣམས་ཐེངས་འདིའི་སྨན་བཅོས་རོགས་སྐྱོར་ཚོགས་པ་རུ་ཞུགས་ཡོད་འདུག

006.jpg

ཐེངས་འདིའི་སྨན་བཅོས་རོགས་སྐྱོར་དུ་ནད་པ་དབུལ་པོ་དང་ནད་གཞི་ལྕི་པོ་ཕོག་པའི་ནད་པ་གཙོ་གནད་དུ་བཟུང་ནས་ནད་པ་མི་ཐེངས་1497ལ་བརྟག་དཔྱད་བྱས། བྱིས་ནད་ཚན་ཁག་དང་། མིག་ནད་ཚན་ཁག ནང་ནད་ཚན་ཁག བུད་མེད་ཚན་ཁག་སོགས་དང་དེ་བཞིན་བྱིས་པའི་ལྷན་སྐྱེས་ཀྱི་སྙིང་ནད་དང་། སྐྱ་འགྲིབ་ཀྱི་ནད། སྙིང་རྩའི་མ་ལག་གི་ནད། མོ་ནད་སོགས་ལ་ཡང་བརྟག་བྱས་པར་མ་ཟད། ནད་དང་བསྟུན་ཏེ་སྨན་ཡང་བྱིན། དེ་དང་ཆབས་ཅིག་བུད་སྣོད་དུ་འབྲས་སྐྲན་ཡོད་མེད་ལའང་བརྟག་དཔྱད་བྱས་པ་དང་འབྲེལ། ནད་དེ་ཕོག་ཡོད་པའི་ནད་པ་དབུལ་པོ་ལ་གཞུག་ཕྱོགས་ཀྱི་སྨན་བཅོས་ཐད་རོགས་སྐྱོར་ཡོད་པ་བྱས། འཕྲོད་བསྟེན་བདེ་ཐང་ཁུག་མ་1000རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ལ་སྤྲད་པ་དང་། ཐོ་བཀོད་དེ་རྫོང་དེ་གའི་ཁྱིམ་ཚང་དབུལ་པོར་སྤྲོད་དགོས་པར་བྱས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།