2019ལོའི་སི་ཁྲོན་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་སྤེལ་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་བྱང་སྒོའི་ལུས་རྩལ་ར་བ་ནས་སྤེལ་འགོ་ཚུགས་པ་དང་། འགོ་ཚུགས་མཛད་སྒོ་མ་སྤེལ་སྔོན་དུ་མི་ཁྲི་ལྷག་ཙམ་གྱིས《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་དབྱངས་མཉམ་ལེན་བྱས་པ་རེད། 

ཨ་ལི་ལང་ཚན་སྡེབ་དང་ཨ་ཨར་ཧྥ། བསམ་མཁོ། མཱ་ལེ་ཡཱ·ཁེ་ཀུའུ་སོགས་རྒྱལ་ཁབ་ཕྱི་ནང་གི་གླུ་བ་གླུ་མ་དག་གིས་མི་རིགས་སོ་སོའི་ཁྱད་ཆོས་ལྡན་པའི་གླུ་དབྱངས་བླངས་པ་དང་།  ཀུན་གྱི་མཐོང་ཆོས་སུ་གྱུར་པའི་གླུ་གཞས་དེ་དག་གིས་ལྟད་མོ་བ་ཁྲི1ལྷག་ཙམ་གྱི་ཡིད་སེམས་མྱོས་པར་གྱུར། 

དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་པས་ངོ་སྤྲོད་ལྟར་ན།  2019ལོའི་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་སྤེལ་བའི་དམིགས་ཡུལ་ནི་མཛའ་གཞས་རིག་གནས་གཙོ་བོར་བཟུང་སྟེ། སྐོར་བྲོ་རིག་གནས། ཇ་རྟའི་རིག་གནས་སོགས་ཕན་ཚུན་མཉམ་འདྲེས་ཀྱི་སྣ་མང་མི་རིགས་རིག་གནས་སྔོག་འདོན་བྱས་ནས་སྲོལ་རྒྱུན་གྱི་རིག་གནས་ཐོན་ལས་རིགས་བསྒྱུར་རིམ་སྤར་ཐད་སྐུལ་འདེད་གཏོང་བ་དང་། དར་མདོའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་རིག་གནས་ཡུལ་སྐོར་དེ་དར་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འབྱུང་བའི་སྒུལ་ཤུགས་གསར་བ་དང་། དབུལ་ཐར་འགག་སྒྲོལ་གྱི་སྒུལ་ཤུགས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་འགྲོས་ཀྱི་ནུས་ཤུགས་བཅས་སུ་འགྱུར་རྒྱུ་དེ་རེད་ཅེས་བཤད། 

སྐབས་འདིའི་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་ཐོག་ད་དུང་ཉིན10རིང་ལ་མཛའ་གྲོང་དགའ་ནེའུ་དུས་ཆེན་དང་། མཛའ་གྲོང་གི་ཞིམ་ཟས་དང་སྦི་རག མཛའ་གཞས་ཉོ་སྒྲུབ་དུས་ཚིགས། མཛའ་གཞས་གྲོང་གསེབ་ཡུལ་སྐོར། མཛའ་གཞས་རྟ་རྒྱུག་འགྲན་བསྡུར་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་དུས་གཅིག་ཏུ་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།