ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས1ཉིན་གྱི་སྔ་དྲོར། གླིང་གེ་སར་གྱི་འཁྲུངས་ཡུལ་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་གི་གླིང་གེ་སར་འཁྲུངས་ཡུལ་དངོས་ཀྱི་གེ་སར་དྲན་གསོ་ཁང་གི་ཐང་ཆེན་ཐོག་ལྷ་བསང་དཀར་པོའི་དུད་པས་ནམ་མཁའ་ཁྱབ་ཅིང་། ལྷ་ཤིང་ཤུག་པའི་བསུང་ངད་ཕྱོགས་ཀུན་འཐུལ། ས་གནས་དེ་གའི་མི་རྣམས་ཀྱིས་སྲོལ་རྒྱུན་གྱི་ཆ་ལུགས་ཀྱིས་མི་རྟ་བརྒྱན་ནས་རྟ་རྒྱུག་བསང་སྐོར་བྱས་ཏེ་ཁམས་ཁུལ་དུ་བསྐྱོད་ནས་གླིང་གི་རྗེས་ཤུལ་འཚོལ་ཞེས་པའི་མཛད་སྒོ་འགོ་ཚུགས་པར་རྟེན་འབྲེལ་ཞུས།
འགོ་ཚུགས་མཛད་སྒོའི་ཡུལ་དངོས།
འགོ་ཚུགས་པའི་མཛད་སྒོའི་ཐོག་སྡེ་དགེ་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་གིས་ཤིས་ཚིག་ཕུལ་བ་དང་། རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གེ་སར་རིག་གནས་ལ་ཏང་དང་རྒྱལ་ཁབ་ཀྱིས་མཐོང་ཆེན་པོ་གནང་སྟེ་སྲོལ་རྒྱུན་གྱི་རིག་གནས་གལ་ཆེན་དུ་རྩི་བཞིན་ཡོད་པས་གེ་སར་རིག་གནས་མུ་མཐུད་དུ་སྔོག་འདོན་དང་ཞིབ་འཇུག་བྱ་བར་མཐོང་ཆེན་དང་ལྷག་པར་དུ་དམངས་ཁྲོད་ནི་གེ་སར་རིག་གནས་ཀྱི་འབྱུང་ཁུངས་ཡིན་པས་ཐེངས་འདིའི་བྱ་བའི་ནང་དོན་གཙོ་བོའང་དམངས་ཁྲོད་ཀྱི་གེ་སར་རིག་གནས་ལ་རྟོག་ཞིབ་ནན་མོ་བྱས་ཏེ་གེ་སར་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་དགོས་པའི་གསུང་བཤད་གནང་བར་མ་ཟད་ཁམས་ཁུལ་དུ་བསྐྱོད་ནས་གླིང་གི་རྗེས་ཤུལ་བཙལ་བའི་བྱ་བ་འགོ་རྩོམ་པའི་ཁྱབ་བསྒྲགས་གནང་། གེ་སར་སྒྲུང་པ་དར་ཆོས་དབང་དགས་བཀྲ་ཤིས་ཀྱི་ཤིས་དབྱངས་ཕུལ། དེ་རྗེས་གེ་སར་རྣམ་ཐར་ཚོགས་པ་དང་རྐྱ་མི་བཅུ་ཕྲག་ཁ་ཤས་ཀྱིས་བསང་སྐོར་བྱས་ཏེ་གེ་སར་རྟོག་ཞིབ་ཚོགས་པ་གཉིས་ལ་ཕེབས་སྐྱེལ་ཞུས།
རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གསུང་བཤད་གནང་བཞིན་པ།
སྡེ་དགེ་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་གིས་ཤིས་ཚིག་ཕུལ་བཞིན་པ།
ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་འགོ་འཛིན་འགྱུར་མེད་ཆོས་དབྱིངས་ཀྱིས་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་བཞིན་པ།
གེ་སར་སྒྲུང་པ་དར་ཆོས་དབང་དགས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་དབྱངས་འབུལ་བཞིན་པ།
ཐེངས་འདིའི་བྱ་འགུལ་ནི་རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་དང་། སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གིས་ཁྲིད་སྟོན་དང་། དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་དང་། སྡེ་དགེ་རྫོང་། ཁམས་པའི་བརྙན་འཕྲིན་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་བྱེད་སྒོ་ཞིག་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི་གླིང་གེ་སར་འཁྲུངས་ཡུལ་དུ་བསྐྱོད་ནས་གླིང་གི་རྗེས་ཤུལ་འཚོལ་བའི་བྱ་འགུལ་ཆེན་པོ་སྤེལ་ཐེངས་ཐོག་མའང་ཡིན།
པེ་ཅིན་སོགས་ས་གནས་ཁག་ནས་ཕེབས་པའི་གེ་སར་ཆེད་མཁས་པ་དང་འབྲེལ་ཡོད་དབུ་ཁྲིད། གསར་འགོད་པ་སོགས་མི་བཞི་བཅུ་ཙམ་ཐེངས་འདིའི་ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་རྒྱལ་པོའི་རྗེས་ཤུལ་འཚོལ་བའི་བྱེད་སྒོ་ནང་ཞུགས་རྒྱུ་དང་། བྱེད་སྒོ་དེ་ཨ་ཕྱུག་ནས་འགོ་བརྩམས་ཏེ་སི་ཁྲོན་དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་དང་། སྡེ་དགེ། དཀར་མཛེས། གསེར་རྟ། རྔ་བ་ཁུལ་གྱི་མཛོད་དགེ། མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་ནང་ཆེན། འཁྲི་འདུ། ཆུ་དམར་ལེབ། འབྲི་སྟོད། མགོ་ལོག་ཁུལ་གྱི་དར་རི། པདྨ། དམར་སྟོད། ཀན་ནན་གྱི་དམར་ཆུ་སོགས་ཞིང་ཆེན་བཞི་དང་། རང་སྐྱོང་ཁུལ་ལྔ། རྫོང་བཅུ་དགུ་ལ་རིམ་བཞིན་དུ་ཉིན་བཅུ་གཅིག་རིང་ལེ་བར་ཉིས་སྟོང་ལྷག་བརྒྱུད་ནས་གླིང་གེ་སར་གྱི་རྗེས་ཤུལ་དང་གཏམ་བརྒྱུད་འཚོལ་རྒྱུ་རེད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
སྡེ་དགེའི་ཨ་ཕྱུག་ནས་གེ་སར་གྱི་རྗེས་ཤུལ་བཙལ་བ།