སི་ཁྲོན་གྱིས་བྱ་ཐབས་སྣ་མང་སྤྱད་དེ་ཞིང་པ་ལས་མི་ཁྲི2500ཡི་ཐོབ་ཚོར་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཚེས17ཉིན་འཚོགས་པའི་སི་ཁྲོན་ཞིང་ཆེན་གྱི་ཞིང་པ་ལས་མིའི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། སི་ཁྲོན་གྱིས་ཁྱོན་བསྡོམས་ཞིང་པ་ལས་མིའི་སྤྱི་ཚོགས་འགན་བཅོལ་གཱ་ཁྲི2256.59སྤྲད་པ་དང་། འདི་ལོ་ནས་བཟུང་ཞིང་པ་ལས་མིར་བོགས་གཏོང་གཞུང་ཁང3785གསར་དུ་བགོས་པ། བོགས་གཏོང་ཁ་གསབ་སྒོར་ཁྲི1634སྤྲད་པ། ཞིང་པ་ལས་མིར་འགྱངས་ཆད་གླ་ཆ་འདེད་ལེན་བྱས་ཏེ་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར1.19མི་ཕོག་པ་བཅས་བྱས་ཡོད།

སི་ཁྲོན་ཞིང་ཆེན་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་ཁུར་བས་སི་ཁྲོན་གྱི་ཞིང་པ་ལས་མིའི་ལས་ཞུགས་གཞན་སྒྱུར་གྱི་སྤྱི་འབོར་མི་ཁྲི2500ཙམ་རྒྱུན་འཁྱོངས་བྱས་ཡོད། ཞིང་པ་ལས་མིའི“ལས་ཞུགས་བརྟན་པོར”སྐུལ་འདེད་གཏོང་ཆེད། འདི་ལོ་ནས་བཟུང་། སི་ཁྲོན་གྱིས་ལས་ཞུགས་དྲིལ་བསྒྲགས་དང་། ལས་གནས་ཁྱབ་བསྒྲགས། ལས་འདེམས་མཛུབ་ཁྲིད། “དཔྱིད་རླུང་བྱ་སྤྱོད”ཀྱི་ཆེད་དོན་ལས་བསྡུ་དང་ཤར་ནུབ་རྒྱུད་ཀྱི་ངལ་ནུས་དབུལ་སྐྱོར་མཐུན་སྦྱོར་སོགས་ལས་བསྡུའི་བྱེད་སྒོ་སྣ་ཚོགས་ཐེངས2000ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཞིང་པ་ལས་མིར་ལས་ཞུགས་ལས་གནས་ཁྲི1000ལྷག་ཙམ་མཁོ་འདོན་བྱས་ཡོད།

མིག་སྔར། སི་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་པ་ལས་མིའི་གཞི་རྩའི་ཆ་འཕྲིན་གྱི་གྲངས་གཞིའི་མཛོད་བཙུགས་ཏེ“གྲངས་གཞི་ཆེན་པོར”བརྟེན་ནས་ཞིང་པ་ལས་མིའི་ལས་ཞུགས་ལས་གཏོད་ལ་དེ་བས་གནད་འཕིགས་ཀྱི་སྤྱི་པའི་ཞབས་ཞུ་བྱས་ཡོད། ད་ལོའི་ཚུན་སི་ཁྲོན་གྱི་ཕ་ཡུལ་དུ་ཕྱིར་ལོག་ནས་ལས་གཏོད་བྱེད་མཁན་ཞིང་པ་ལས་མི་ཁྲི2.79མང་དུ་ཕྱིན་པ་དང་ཁོང་ཚོས་ཁེ་ལས9025བཙུགས་ནས་མི་ཁྲི11.58ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་ཡོད། ཞིང་ཆེན་ཡོངས་ཀྱིས་ཞིང་པ་ལས་མིའི་ལས་གཏོད་ཁག་ཐེག་དངུལ་བུན་སྒོར་དུང་ཕྱུར9.43བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་སྒོར་དུང་ཕྱུར4ཙམ་འཕར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།