སི་ཁྲོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་བཟོ་བཀོད་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་འབྲེལ་ཡོད་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ནང་། སྒྲིག་སྦྱོར་རྣམ་པའི་བཟོ་བཀོད་དང་ལྗང་མདོག་བཟོ་བཀོད་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཆབས་ཅིག་བཟོ་བཀོད་ཁེ་ལས་ཁག་ལ་ཚན་རྩལ་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་ཁྲིད་སྟོན་ཡང་བྱས་ནས། བྱེད་ཐབས་སྣ་མང་སྤྱད་དེ་བཟོ་བཀོད་ལས་རིགས་ཀྱི་སྤུས་ཚད་མཐོན་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་ཁ་གསལ་བཏོན་ཡོད་པ་རེད། 2022ལོར་སླེབས་སྐབས། སྔོན་དཔག་བྱས་ན་སི་ཁྲོན་གྱི་བཟོ་བཀོད་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི1.8ཡན་ཟིན་སྲིད།

གསར་འགོད་པར་ཤེས་རྟོགས་བྱུང་གསལ། མིག་སྔར། སི་ཁྲོན་གྱི་བཟོ་བཀོད་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་བྱུང་ནས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ2བསྟུད་མར་སྒོར་དུང་ཕྱུར་ཁྲི1ལས་བརྒལ་ཡོད་པ་དང་། 2018ལོར་སྒོར་དུང་ཕྱུར་ཁྲི1.45དང་ལས་གཉེར་མཁན་ཁྲི550ལྷག་ཙམ་ཟིན་པ་ལས80%ཡས་མས་ནི་གྲོང་གསེབ་ཀྱི་ངལ་ནུས་གཞན་སྒྱུར་རེད། བཟོ་བཀོད་ལས་རིགས་ཀྱིས་འཕར་ཚད་བརྟན་པོ་དང་ལས་ཞུགས་བརྟན་པོའི་ཐད་ནུས་པ་གལ་ཆེན་འདོན་གྱི་ཡོད་པ་རེད།

སི་ཁྲོན་གྱིས་སྒྲིག་སྦྱོར་རྣམ་པའི་བཟོ་བཀོད་བཀོལ་སྤྱོད་དང་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྒྲིག་སྦྱོར་རྣམ་པའི་བཟོ་བཀོད་ལག་རྩལ་དང་ཚད་གཞིའི་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་ནས། ཁེ་ལས་ཁག་གིས་སྒྲིག་སྦྱོར་རྣམ་པའི་བཟོ་བཀོད་དང་འབྲེལ་བ་ཡོད་པའི་ལག་རྩལ་དང་། ཚད་གཞི། ཨར་པོ་རྒྱག་ཐབས་སོགས་ཞིབ་འཇུག་གསར་སྤེལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། སི་ཁྲོན་གྱིས་སྒྲིག་སྦྱོར་རྣམ་པའི་བཟོ་བཀོད་ཚོད་ལྟའི་གྲོང་ཁྱེར་དང་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀོང་ཨན་དང་། དབྱི་པིན། དཀར་མཛེས། ལེང་ཧྲན་སོགས་སུ་སྒྲིག་སྦྱོར་རྣམ་པའི་ངར་ལྕགས་ཀྱི་གྲུབ་ཆའི་སྡོད་ཁང་འཛུགས་སྐྲུན་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།