ཝང་དབྱང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཕེབས་ནས་བྱ་བར་གཟིགས་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས25ནས་ཚེས27ཉིན་གྱི་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཕེབས་ནས་བྱ་བར་གཟིགས་ཞིབ་གནང་བ་རེད། 

ཁོང་གིས་ནན་གྱིས་བསྟན་དོན། བོད་རིགས་ས་ཁུལ་གྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་འབྲེལ་བ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་རིགས་ས་ཁུལ་གྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་གྲལ་གནས་མཐོར་འདེགས་གཏོང་ཞིང་། ཁྲིམས་ལྟར་བོད་སྐྱོང་བ་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་མཐའ་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་ཅིང་། ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་པ། ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་ཡག་པོ་བྱེད་པ་བཅས་ཀྱིས་བོད་རིགས་ས་ཁུལ་གྱི་མི་དམངས་བདེ་སྐྱིད་ཁམས་བཟང་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བར་འགན་ལེན་བྱ་དགོས།

1124548409_15589586989731n.jpg

ཝང་དབྱང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་སྡེ་དང་འབྲོག་ཁུལ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་སུ་ཕེབས་ནས་གནས་ཚུལ་རྒྱུས་ལོན་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོར་གསན་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སི་ཁྲོན་བོད་རིགས་ས་ཁུལ་གྱི་ཆོས་ལུགས་ལས་དོན་དོ་དམ་དང་དབུལ་ཐར་འགག་སྒྲོལ་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

ཝང་དབྱང་གིས་བསྟན་དོན། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ལས་རིགས་ཀྱིས་རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་ཞུ་བ་སྣེ་ཁྲིད་བྱེད་ཅིང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། རྒྱལ་ཁྲིམས་དང་ཆོས་ཁྲིམས་བར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་པ། ཆོས་ལུགས་སྐྱོན་བྲལ་དང་སྒྲིག་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་དེ་བས་ལེགས་པའི་སྒོ་ནས་འཕྲོད་མཐུན་ཡོང་བར་བྱ་དགོས། དགོན་སྡེ་དོ་དམ་གྱི“གནད་དམ་པ”དེ་དམ་པོར་བཟུང་སྟེ་རྨང་གཞི་འདིང་བ་དང་། རྩ་བ་ཚུགས་པ། ཕུགས་ལ་ཕན་པ་བཅས་ཀྱི་ལས་དོན་མང་ཙམ་སྒྲུབ་པ་དང་། དགོན་སྡེ་གཙོ་བོར་དོ་དམ་ཚད་ལྡན་བྱས་ནས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ་བྱེད་ཅིང་། ཕུགས་ཕན་དོ་དམ་ནང་སྲོལ་འཐུས་ཚང་དུ་བཏང་སྟེ། རྒྱལ་ཕྱིའི་དགྲར་འཛིན་སྟོབས་ཤུགས་སིམ་འཛུལ་བྱེད་པའི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་སྲུང་ཐུབ་པར་བྱ་དགོས། བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་འཐུས་ཚབ་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནང་བསྟན་སློབ་གླིང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཆོས་ལུགས་མི་སྣའི་ཆོས་ལུགས་ཤེས་བྱ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ནས་ཁོ་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཇེ་ལེགས་སུ་གཏོང་དགོས་པར་བསྟན།

1124548409_15589588669101n.jpg

ཝང་དབྱང་གིས་ད་དུང་ནན་གྱིས་བསྟན་དོན། དབུལ་ཐར་འགག་སྒྲོལ་བྱ་རྒྱུ་ནི་ཏང་གི་སྲིད་སྐྱོང་དམིགས་ཡུལ་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། བོད་རིགས་ས་ཁུལ་གྱི་མི་རིགས་དང་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་རེད། དབུལ་ཐར་གྱི་སྤུས་ཚད་མཐོ་རུ་གཏང་རྒྱུར་ཤུགས་བརྒྱག་དགོས་ཤིང་། དབུལ་སྐྱོར་དང་ངར་སྐྱོར། རིག་སྐྱོར་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ་མུ་མཐུད་དུ་ལེགས་བཅོས་གཏང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྤེལ་བྱ་དགོས། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་ཚད་གཞི་གཡོ་འགུལ་མི་གཏོང་བར་དམིགས་ཤིང་། ཞན་ཆ་ལ་དམ་པོར་དམིགས་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་བོད་རིགས་ས་ཁུལ་གྱི་དབུལ་ཕོངས་དབུལ་རྐྱང་གི་འགག་ལས་བསྒྲལ་པར་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་ལམ་བུའི་ཐོག་མི་རིགས་གཅིག་ཀྱང་རྗེས་སུ་མི་ལུས་པའི་ཁག་ཐེག་བྱ་དགོས། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཞིང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་ལ་འགྱུར་བ་མི་གཏོང་བ་དང་། རོགས་སྐྱོར་དང་ལྟ་སྐུལ་དོ་དམ་བྱེད་མཚམས་མི་འཇོག་པ་བཅས་མཐའ་འཁྱོངས་བྱས་ནས“ཕྱིར་མིག་ལྟ་བ”དང“ཕྱིར་རོགས་སྐྱོར་བྱེད་པའི”ལས་དོན་རྒྱུན་མཐུད་ངང་སྤེལ་ཞིང་། དབུལ་པོ་བསྐྱར་ལོག་ཉུང་དུ་བཏང་སྟེ་རིམ་བཞིན་ཕྱུག་འགྱུར་དང་གྲོང་སྡེ་དར་རྒྱས་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་བ་དང་ཆ་རྐྱེན་བསྐྲུན་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།