འཛམ་ཐང་དུ་གཟན་རྩྭ་འདེབས་པའི་དབུལ་སྐྱོར་དཔེ་སྟོན་རྣམ་གྲངས་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་ནང་། འཛམ་ཐང་རྫོང་ཀ་ཐོག་ཡུལ་ཚོས་ཧུར་ཐག་གིས་ཕྱུག་འགྱུར་གྱི་ལམ་བུ་འཚོལ་ཞིབ་བྱེད་བཞིན་ཡོད་ལ། ཀྲེ་ཅང་ཞིང་ཆེན་དང་ཝུན་ཀྲུའུ་གྲོང་ཁྱེར་གཉིས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་འཛམ་ཐང་རྫོང་ཀ་ཐོག་ཡུལ་ཚོས་བེད་མེད་ས་ཞིང་མུའུ་400ལ་གཟན་རྩྭ་བཏབས། རྣམ་གྲངས་འདི་ལག་བསྟར་བྱས་པས་རྩྭ་ཐང་གི་ཕྱུགས་ཟོག་འཚོ་ཚད་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ཡོད་པ་དང་ཕྱུགས་ཟོག་འགན་ལེན་བྱས་པའི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ནུས་པ་མཐོ་རུ་བཏེགས་ཡོད་པ་མ་ཟད། སྐྱེ་ཁམས་དང་སྤྱི་ཚོགས་དཔལ་འབྱོར་ཐད་ལའང་ཕན་པ་ཆེན་པོ་བསྐྲུན་ཡོད།

ཉིན་དུ་མའི་རིང་། ཀ་ཐོག་ཡུལ་ཚོའི་ཀ་ཐོག་སྡེ་བ་དང་ཤུག་མདའ་སྡེ་བའི་ཞིང་ཁར་སྡེ་དམངས་རྣམས་ཀྱིས་ས་སློག་པ་དང་ལུད་འཇོག་པ། ས་བོན་འདེབས་པ་སོགས་ཀྱི་བྲེལ་ཟིང་གི་རྣམ་པས་ཁེངས་ཡོད་ལ། སྡེ་དམངས་དཀོན་མཆོག་སྐྱབས་ཀྱིས་ཁོ་རང་ཚང་གི་འདྲུད་འཐེན་འཁོར་ལོ་བསྐོར་ནས་ཞིང་ཁའི་རྡོ་དང་ལུད། ས་བོན་སོགས་སྐྱེལ་འདྲེན་བྱེད་བཞིན་ཡོད་ཅིང་ལས་ཀ་འདིར་ཞུགས་པས་ཁོ་ལ་ཡོང་འབབ་ངེས་ཅན་ཞིག་རག་ཐུབ་པ་མ་ཟད་དུས་མཚུངས་སྐྱེ་ཁམས་སྲུང་སྐྱོང་གི་ལས་ཀ་ཡག་པོའང་སྒྲུབ་ཐུབ་བཞིན་ཡོད།

རྒྱུས་ལོན་བྱས་པ་ལྟར་ན། རྣམ་གྲངས་འདི་ལ་མ་དངུལ་སྒོར་ཁྲི་300བཏང་ཡོད་པ་དང་། ཀ་ཐོག་ཡུལ་ཚོའི་ཀ་ཐོག་སྡེ་བ་དང་ཤུག་མདའ་སྡེ་བས་གཟན་རྩྭ་ཁྱོན་མུའུ་500བཏབ་པའི་ཁྲོད་ཀྱི་ས་མུའུ་400གཟན་རྩྭ་ལེགས་པོ་འབྲེག་གནས་དང་ས་མུའུ་100ནི་གཟན་རྩྭ་ཐོན་སྐྱེད་རྟེན་གཞིར་འཛུགས་སྐྲུན་བྱས་ཡོད་འདུག མིག་སྔར་ས་སློག་པ་དང་ལུད་འཇོག་པ།  ས་བོན་འདེབས་པ་སོགས་ཀྱི་ལས་འགན་འགྲུབ་ཡོད་པ་དང་། སྡོམ་རྩིས་བྱས་པ་ལྟར་ན་ལུད་སྤྱི་རྒྱ་30000དང་ས་བོན་སྤྱི་རྒྱ་8000བཀོལ་སྤྱོད་བྱས་ཡོད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།