སི་ཁྲོན་ཞིང་ཆེན་གྱིས་མུ་ལི་ནགས་ཚལ་མེ་སྐྱོན་ཁྲོད་དུ་མེ་གསོད་མི་སྐྱོབ་བྱས་ཏེ་རང་སྲོག་བློས་བཏང་བའི་དཔའ་བོ་རྣམས་ལ་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་བ་དང་ཞི་ཅིན་ཕིང་སོགས་ཀྱིས་མེ་ཏོག་གི་ཕྲེང་བ་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཞི་ཉིན། སི་ཁྲོན་ཞིང་ཆེན་གྱིས་མུ་ལི་ནགས་ཚལ་མེ་སྐྱོན་ཁྲོད་དུ་མེ་གསོད་མི་སྐྱོབ་བྱས་ཏེ་རང་སྲོག་བློས་བཏང་བའི་དཔའ་བོ་རྣམས་ལ་མྱ་ངན་ཞུ་བའི་བྱ་འགུལ་ཞི་ཁྲང་གྲོང་ཁྱེར་ནས་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་སྔོན་གཤེགས་དཔའ་བོ་སུམ་ཅུ་ལ་མེ་ཏོག་གི་ཕྲེང་བ་ཕུལ། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་མྱ་ངན་ཞུ་བའི་བྱ་འགུལ་ལ་ཞུགས་པར་མ་ཟད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་མེ་གསོད་མི་སྐྱོབ་ཁྲོད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་རྣམས་ལ་མྱ་ངན་ཞུས་ཤིང་། དཔའ་བོའི་གཉེན་ཉེ་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་དང་མེ་གསོད་མི་སྐྱོབ་ཁྲོད་དུ་ཞུགས་པའི་བློ་མཐུན་ཡོངས་ལ་བླ་མེད་གུས་འདུད་ཞུས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་བཞི་བཅུའི་སྟེང་། མྱ་ངན་ཞུ་བའི་བྱ་འགུལ་དངོས་སུ་འགོ་བརྩམས་པ་དང་། ཡུལ་དངོས་ཀྱི་མི་སྣ་ཡོངས་ཀྱིས་རང་སྲོག་བློས་བཏང་བའི་དཔའ་བོ་རྣམས་ལ་མྱ་ངན་ཞུས་ཏེ་སེམས་གཏིང་ནས་རྗེས་དྲན་ཞུ་པ་མཚོན་པར་བྱས། སི་ཁྲོན་མུ་ལི་ནགས་ཚལ་མེ་སྐྱོན་ཁྲོད་དུ་ནགས་ཚལ་མེ་གསོད་རུ་མི་ཉེར་བདུན་དང་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་གསུམ་བཅས་ཀྱིས་རང་སྲོག་བློས་བཏང་། འཕྲལ་སྒྲུབ་དོ་དམ་པུའུ་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲེལ་ཡོས་འགན་འཁུར་བློ་མཐུན་གྱིས་སྔ་གཞུག་ཏུ་སྔོན་གཤེགས་དཔའ་བོའི་དཔྱད་ཞིབ་གཏན་འཁེལ་དང་བྱས་རྗེས་རིམ་པ་དང་པོ་སྟེར་བ། ཀྲུང་གོ་གུང་ཁྲན་ཏང་ཡོན་ལ་རྗེས་སུ་ཁས་ལེན་པའི་སྐོར་གྱི་མཆན་བཀོད་བཀའ་ལན་དང་བཀའ་ཁྱབ་སྒྲོག་འདོན་བྱས།

སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་སྟོང་གསུམ་ལྷག་མྱ་ངན་ཞུ་བའི་བྱ་འགུལ་ལ་ཞུགས། འཕྲལ་སྒྲུབ་དོ་དམ་པུའུ་ཡིས་པུའུ་རང་གི་ལས་ཁུངས་སུ་མྱ་ངན་ཞུ་ས་བཀོད་སྒྲིག་བྱས་ཏེ་དུས་མཉམ་དུ་མྱ་ངན་ཞུ་བའི་བྱ་འགུལ་སྤེལ། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།