འགྲིམ་འགྲུལ་སྔོན་དུ་བྱེད་པའི་འཐབ་ཇུས་ཀྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དུ་འགྲིམ་འགྲུལ་སྟབས་བདེ་མེད་པས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་ཏུ་གྱུར་ཡོད། “ཕྱུག་པོ་ཆགས་དགོས་ན་སྔོན་ལ་ལམ་བསྐྲུན་དགོས”ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས“དབུལ་སྒྲོལ་འགག་སྒྲོལ་ཡོང་བར་སྔོན་ལ་གཞུང་ལམ་བསྐྲུན་རྒྱུ”མཐའ་འཁྱོངས་བྱས་ནས། འགྲིམ་འགྲུལ་སྔོན་དུ་བྱེད་པའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས་འགྲིམ་འགྲུལ་འཛུགས་སྐྲུན་ལ་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ད་ལོར་དཀར་མཛེས་ཁུལ་གྱིས་བསམ་ཕྱོགས་དང་ལམ་སྲོལ་གསར་གཏོད་བྱས་ནས་འགྲིམ་འགྲུལ་སྔོན་དུ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན། གཡག་རྔ་ནས་དར་རྩེ་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་ཉེར་ཡོད་པ་དང་། གེ་སར་གནམ་ཐང་བསྐྲུན་ཟིན་ནས་གནམ་གྲུ་ཚོད་འཕུར་བྱེད་བཞིན་ཡོད་པ། ཁུལ་ཡོངས་ཀྱི་ཤང་ཚང་མར་སྣུམ་ནག་ལམ་དང་གྲོང་ཚོ་ཚང་མར་ཨར་འདམ་ལམ་བསྐྲུན་རྒྱུའི་ཐད“100%གཉིས”རྩ་བའི་ཆ་ནས་མངོན་འགྱུར་བྱུང་བ། ཕུག་ལམ་འཛུགས་སྐྲུན་ལ་ཚད་བརྒལ་རང་བཞིན་གྱི་ཕན་འབྲས་ཐོབ་པ། དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བཅས་བྱུང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་མ་ཟད། ལས་བྱེད་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཡང་ཆེ་རུ་སོང་ཡོད། 2016ལོར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་གསེར་རྟ་རྫོང་དེ་ཉིད་དབུལ་སྐྱོར་རྫོང་གི་ཁོངས་སུ་བཞག་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། རྫོང་ཡོངས་ཀྱི་སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོ134ཚང་མར་ལམ་ཤར་གཏོང་ཐུབ་པ་དང་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ2260ཟིན་ཡོད། འགྲིམ་འགྲུལ་ཆ་རྐྱེན་རིམ་གྱིས་ལེགས་སུ་ཕྱིན་པར་བརྟེན་ཡུལ་སྐོར་ལས་རིགས་གསེར་རྟ་རྫོང་གི་ཀ་རྟེན་ཐོན་ལས་སུ་གྱུར་ཅིང་། ན་ནིང་རྫོང་དེས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི65.2ལ་སྣེ་ལེན་ཞུས་པ་དང་ཡོང་འབབ་སྒོར་དུང་ཕྱུར6.46བྱུང་ཡོད་པ་རེད།

2018ལོར་དཀར་མཛེས་རྫོང་དེ་ཉིད་ཁག་གཉིས་པའི“བཟང་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱི་ཞིང་ཆེན་རིམ་པའི་དཔེ་སྟོན་རྫོང་དུ་བདམས་ཡོད། དཀར་མཛེས་རྫོང་གིས་འགྲིམ་འགྲུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པར་བརྟེན། གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་དཔུང་ཁག་ནུས་ལྡན་དང་། ལམ་ལུགས་ཆ་ཚང་བ། དོ་དམ་ཚད་ལྡན། ཚན་རིག་དང་མཐུན་པའི་གཉེར་སྐྱོང་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་མ་ཟད། འགྲིམ་འགྲུལ་སྔོན་དུ་བྱེད་པའི་འགན་ལེན་ནུས་པ་ཡང་མངོན་ཐུབ་ཡོད།

ད་ཆ་སྤྱི་ལེ་ངོས་གྲུ་ཁྲི15.3གྱི་ས་གཞིར་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དྲ་བས་དཀར་མཛེས་ཁུལ་གྱི་རྫོང18(གྲོང་ཁྱེར)དམ་པོར་སྦྲེལ་ཡོད་པ་དང་སྤྱི་ལེ་ཁྲི3.2ཀྱི་གྲོང་གསེབ་གཞུང་ལམ་གྱི་དྲ་བ་ཆེན་པོ་ཞིག་གྲུབ་ཡོད། འགྲིམ་འགྲུལ་འཕེལ་རྒྱས་ཆེན་པོ་བྱུང་བར་བརྟེན། མི་འགྲུལ་དང་། ཟོག་འགྲེམས། ཆ་འཕྲིན་འབྲེལ་མཐུད་ཀྱི་ཐབས་ལམ་བཅས་ཧ་ཅང་ལེགས་སུ་ཕྱིན་པ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། དབུལ་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ། དམངས་ཕྱུག་ཁུལ་དར་མངོན་འགྱུར་བཅས་ལ་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ནུས་པ་གལ་ཆེན་ཐོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།