དཀར་མཛེས་ཀྱི་དར་རྩེ་མདོའི་སློབ་གྲྭར་ཚན་རྩལ་མྱོང་རོལ་བྱེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྱི་དར་རྩེ་མདོ་གྲོང་ཁྱེར་མི་རིགས་སློབ་ཆུང་དུ“ཐོན་ཟོག་གསར་པ”བླུགས་པའི་ཚན་རིག་ཁྱབ་གདལ་གྱི་རླངས་འཁོར་ཞིག་བཏང་ཡོང་ནས་དཀར་མཛེས་གྲོང་ཁྱེར་ཚན་རིག་མཐུན་ཚོགས་དང་གྲོང་ཁྱེར་ཞིང་ལས་དང་ཚན་རིག་ལག་རྩལ་མཁོ་འདོན་ཅུས་ཀྱིས་མཉམ་དུ་སློབ་གྲྭ་ཡོངས་ཀྱི་དགེ་སློབ800ལྷག་ཙམ་ལ་ཚན་རིག་རང་བཞིན་དང་། སྤྲོ་སྣང་རང་བཞིན། མཉམ་ཞུགས་རང་བཞིན་བཅས་གཅིག་སྡུད་ཀྱི་ཚན་རྩལ་གསོལ་སྟོན་ཆེན་པོ་བཤམས་པ་རེད།

ཚན་རྩལ་ཟུར་ཁྲིད་དགེ་རྒན་དང་ཚན་རྩལ་མཐུན་ཚོགས་ཀྱི་ལས་དོན་མི་སྣའི་མཛུབ་ཁྲིད་འོག སློབ་གྲོགས་རྣམས་ཀྱིས་ལོ་རིམ་དབྱེ་བ་དང་སྒྲིག་སྲོལ་ལྡན་པའི་ངང་ངོ་མཚར་ལ་ཡིད་དབང་འཕྲོག་པའི་ཚན་རྩལ་མཉམ་འགུལ་གྱི་འགྲེམས་དངོས་ལ་ལྟ་སྐོར་བྱས་ཤིང་། ད་རེས་ཀྱི་བྱེད་སྒོ་ལས་སློབ་གྲོགས་རྣམས་ལ་ཚན་རིག་དང་མཐུན་པའི་སྣང་ཚུལ་ཁ་ཤས་ཀྱི་མངོན་ཚུལ་དང་རྩ་བའི་རིགས་པའི་གཞུང་ལུགས་སོགས་ཚན་རིག་ཤེས་བྱ་འགྲེམས་སྟོན་བྱས་པ་རེད། ཕྲུ་གུ་ཚོར“ཚོད་ལྟ”དང“མནོ་བསམ”གྱི་རོལ་རྩེད་ནས་ཚན་རིག་སྦྱོང་བ་དང་སྤྲོ་སྐྱིད་ནས་ཤེས་བྱ་རྟོགས་ཐུབ་པར་བྱས་ཏེ་ཚན་རིག་གི་ངོ་མཚར་དང་ཚན་རིག་ལས་བྱུང་བའི་དགའ་སྣང་མྱོང་དུ་བཅུག་པ་རེད།

བྱེད་སྒོར་ད་དུང་ཡོམ་འགོག་གེགས་སེལ་དང་བདེ་འཇགས་ཀྱི་ཚན་རིག་ཁྱབ་གདལ་སོགས་དྲིལ་བསྒྲགས་པར་གཞི་བསྟན་པ་མ་ཟད། སློབ་གྲོགས་ཚོར་མིག་ཤེད་ལ་སྲུང་སྐྱོང་དང་། ངོ་མཚར་བའི་གཙུབ་ཤེད། བདེ་ཐང་ལུས་གསོ། རྒྱུན་མཐོང་ནད་ཡམས་ཀྱི་འགོག་བཅོས་སོགས་ཚན་རིག་ཁྱབ་གདལ་གྱི་དེབ་ཆུང་སྣ་ཚོགས་དང་ཤོག་བྱང1200ལྷག་ཙམ་སྤྲད་པ་རེད།

དར་རྩེ་མདོ་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོ་སྐབས་སྔར་བས་མང་བ་བཏོད་ནས་རྟག་ཏུ་སྡེ་ཁུལ་དང་། གྲོང་གསེབ། སློབ་གྲྭ་བཅས་སུ་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་རྒྱུ་དང་། དམངས་ཚོགས་ཚན་རྩལ་ཁྱབ་གདལ་དང་ཚན་རིག་དང་ཉེ་བཅར་བྱེད་དུ་བཅུག་ནས་ཚན་རིག་གི་ཡིད་དབང་འཕྲོག་པའི་བག་ཆགས་ཟབ་མོ་དང་དུ་ལེན་ཏེ། དམངས་ཡོངས་ཀྱིས་ཚན་རིག་སྦྱོང་བ་དང་། ཚན་རིག་རྟོགས་པ། ཚན་རིག་ལ་དགའ་བ། ཚན་རིག་སྤྱོད་པ་བཅས་ཀྱི་བརྩོན་སེམས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།