ཉག་རོང་རྫོང་གིས་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཞིང་། རང་ཤུགས་སུ་བདེ་ཐང་གི་འཚོ་བ་རོལ་སྟངས་བཟང་པོར་ཆགས་པ་དང་། ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ལས་ཀ་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཐུབ་པར་ཁག་ཐེག་བྱེད་ཆེད། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་ཁོར་སྲུང་ནགས་ལས་ཅུས་ཀྱིས་གསེར་འོད་ཤང་འཕྲོད་བསྟེན་ཁང་དང་གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་སྒྲུབ་རུ་ཁག་དང་མཉམ་དུ་ཤང་དེའི་ཁུར་རི་མདོ་གྲོང་སྡེ་དང་ཚེ་སྐྱིད་གྲོང་སྡེའི་ནོར་ཕྱུགས་འཚོ་སར་ཐུམ་འབུའི་ནད་ཀྱི་བདེ་ཐང་སློབ་གསོའི་ཤེས་བྱ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ལས་སྒྲུབ་ཚོ་ཆུང་གིས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་ཚུལ་མིན་གྱི་བཟའ་བཏུང་བྱས་ཚུལ་དང་འཚོ་བའི་གོམས་འདྲིས་ངན་པར་དམིགས་ནས་དཔེ་མཚོན་གྱི་གསལ་བཤད་དང་ཁྲིད་སྟོན་བྱས་པར་མ་ཟད། ད་དུང་ཕན་ནུས་ལྡན་པའི་སྔོན་འགོག་བྱ་ཐབས་འདོན་སྤེལ་བྱས་ནས་ཞིང་འབྲོག་མང་ཚོགས་ལ་ཕན་འབྲས་བཟང་པོ་ཐོབ་པ་རེད།

བྱེད་སྒོའི་ཁྲོད་མང་ཚོགས་ལ་དྲིལ་བསྒྲགས་ཡིག་རིགས་བཀྲམ་པ་དང་། ཐུམ་འབུའི་ནད་ཀྱི་འབྱུང་རྩ་དང་མཆེད་ཚུལ། སྔོན་འགོག་བྱ་ཐབས་སོགས་རྒྱུན་མཁོའི་རྨང་གཞིའི་ཤེས་བྱ་ངོ་སྤྲོད་བྱས་པར་མ་ཟད། སྔོན་འགོག་བྱེད་ཡས་ཀྱི་འབྲེལ་ཡོད་སྨན་རྫས་སྤྲད་པ་དང་འབྲེལ་ཡོད་སྨན་རྫས་བེད་སྤྱོད་སྟངས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་ནས་ཐུམ་འབུའི་ནད་ཀྱི་འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོའི་ཁྲོད། བསྡོམས་པས་དྲིལ་བསྒྲགས་ཡིག་ཆ80ལྷག་བཀྲམ་པ་དང་། ཡུལ་དངོས་སུ་མི70ལྷག་ལ་སྣེ་ལེན་བྱས་ཏེ་ཁོ་ཚོའི་དོགས་གནད་སེལ་རོགས་བྱས། ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་བརྒྱུད། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་ཐུམ་འབུའི་ནད་སྔོག་འགོག་བྱེད་པའི་གལ་ཆེའི་རང་བཞིན་དང་སྔོན་འགོག་བྱ་ཐབས་ཤེས་ཐུབ་པ་དང་། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་གཟུགས་པོ་བདེ་ཐང་ཡོང་བར་འགན་ལེན་ནུས་ལྡན་བྱས་ནས་དབུལ་ཐར་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་ཐུབ་པར་སྔར་བས་ཡིད་ཆེས་བསྣན་པ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།