ལི་ཐང་རྫོང་དུ་ཚངས་དབྱངས་རྒྱ་མཚོའི་གླུ་གཞས་སྤྲོ་ཚོགས་བསྡུས།

2018062517014896132.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས23ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཚངས་དབྱངས་རིག་གནས་སྒྲོག་སྤེལ་ཁང་གི་སྤྱི་གཉེར་བ་རྡོ་རྗེ་རྒྱལ་མཚན་དང་ན་གཞོན་གཞས་པ་ལི་ཐང་འཇམ་དབྱངས་དང་གཉིས་ཀྱིས་གཙོ་གཉེར་དང་། དཀར་མཛེས་ཁུལ་རིག་གནས་སྒྱུ་རྩལ་ལྷན་ཚོགས། ལི་ཐང་རྫོང་རིག་གནས་ཡུལ་སྐོར་ཅུས། དཀར་མཛེས་ཁུལ་རོལ་དབྱངས་མཁས་ཅན་མཐུན་ཚོགས་སོགས་ཀྱིས་རོགས་སྒྲུབ་བྱས་ཏེ། ལི་ཐང་རྫོང་དུ༼ཚངས་དབྱངས་རྒྱ་མཚོའི་གླུ་གཞས་སྤྲོ་ཚོགས༽ཞེས་པའི་ཐུན་མོང་མ་ཡིན་སྲོལ་རྒྱུན་སྒྱུ་རྩལ་རིག་གནས་དང་དེང་རབས་སྒྱུ་རྩལ་རིག་གནས་གཉིས་འཛོམས་ཀྱི་དགྱེས་འཛོམས་དགའ་སྟོན་ཤིག་སྤེལ་ཡོད་པ་རེད། བོད་ཀྱི་གླུ་པ་གླུ་མ་དང་གླུ་གཞས་ཚན་སྡེབ་ཁག་མང་པོ་གདན་ཞུ་བྱས་ཡོད་པས། ལི་ཐང་བ་རྣམས་དང་ས་ཕྱོགས་ཁག་ནས་ཕེབས་པའི་སྐུ་མགྲོན་དང་ཡུལ་སྐོར་བ་རྣམས་ཀྱི་ངོས་ནས་བཤད་ན་ལྟད་མོ་གྱ་ནོམ་པའི་སྤྲོ་ཚོགས་ཤིག་ཏུ་གྱུར་ཡོད་པ་རེད།

ཐེངས་འདིའི་གླུ་གཞས་སྤྲོ་ཚོགས་ཀྱི་མིང་ལ་ཚངས་དབྱངས་རྒྱ་མཚོའི་གླུ་གཞས་སྤྲོ་ཚོགས་ཞེས་འདོགས་དོན་ཡང་། ཚངས་མགུར་དང་ལི་ཐང་ལ་དམིགས་བསལ་གྱི་ལས་འབྲེལ་ཞིག་ཡོད་པས་ཡིན་ལ། དེས་རྐྱེན་པས་ལི་ཐང་ཡང་ཚངས་མགུར་ལྟར་ངོ་མཚར་གཏམ་རྒྱུད་ཀྱིས་ཕྱུག་ཅིང་། སྙན་ངག་ལྟ་བུའི་འཆར་ཡན་ཉམས་སྣང་གིས་ཕྱུག་པའི་གནས་ངོ་མཚར་ཅན་ཞིག་ཡིན་པས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར། གནས་འདིར་ཆེད་མངགས་ཡུལ་སྐོར་གནས་གཟིགས་ལ་ཕེབས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།

2018062517020482413.jpg

སྤྲོ་ཚོགས་འདིའི་སྟེང་དུ་མིང་དུ་གྲགས་པའི་དེང་རབས་གཞས་པ་གཞས་མ་མང་པོ་གདན་འདྲེན་ཞུས་ཡོད་པས། བོད་ཀྱི་གླུ་གར་སྒྱུ་རྩལ་ལ་དུངས་ཞེན་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་སྐུན་མགྲོན་ལྷན་རྒྱས་དུས་ལྟར་ཚངས་དབྱངས་རྒྱ་མཚོའི་གླུ་གཞས་དགོང་ཚོགས་ལ་ཕེབས་ནས་མིག་ཡིད་རྣ་བའི་དགའ་སྟོན་ལ་རོལ་ཡོད་པ་རེད། 

དབྱར་དུས་ཀྱི་འགྲོས་དང་བསྟུན་ནས། ཁྱེད་ཀྱིས་ཐེངས་འདིའི་རིག་རྩལ་གླུ་གཞས་སྤྲོ་ཚོགས་ཉམས་སུ་མྱོང་ཐུབ་པར་ཙམ་དུ་མ་ཟད། ལི་ཐང་གི་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་ཀྱང་དངོས་སུ་མཐོང་ཐུབ་ངེས་རེད། དབྱར་ཟླ་དྲུག་པ་དང་། གཡའ་དག་པའི་ནམ་མཁའ། ཡངས་པའི་རྩྭ་ཐང་། དྭངས་གཙང་གི་མཁའ་དབུགས་བཅས་ཀྱིས་ཁྱེད་ཚོར་མགྲོན་བསུ་བྱེད་ངེས།   གནའ་གྲོང་ལི་ཐང་བདེ་མོའི་ཐང་ན་དུང་བའི་མཚོ་མོ་ལྷོད་ཀྱིས་འཁྱིལ། ཁྲུང་ཁྲུང་དཀར་མོས་གནམ་སའི་མཚམས་ན་བག་ཕེབས་གཤོག་སྒྲོ་ལྡེམས་སེ་ལྡེམ། ཚངས་དབྱངས་མགུར་གླུ་དབྱངས་ཅན་ཕྱག་ན་སྒྲ་སྙན་འབྲུག་མགོ་སྙན་སེ་སྙན། ཁམས་བོད་ལི་ཐང་མཁའ་ལམ་གྲོང་ན་དབྱར་གྱི་མེ་ཏོག་འཛུམ་གྱིས་བཞད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།