དཀར་མཛེས་བོད་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱིས་དགའ་དགའ་སྤྲོ་སྤྲོས་བོད་མེ་མོ་བྱའི་ལོ་སར་གཏོང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས27ཉིན་ནས་ཚེས28ཉིན་ལ་དར་མདོ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་དར་མདོ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུའུ།དཀར་མཛེས་ཁུལ་གླུ་གར་ཚོགས་པས་སྒྲུབ་འགན་ཁུར་བའི་དམངས་ཁྲོད་རིག་རྩལ་ཁྲབ་སྟོན་དེ་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད།ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཚོས་གླུ་གར་དང་རོལ་དབྱངས་སོགས་ལྟད་མོ་སྣ་མང་ཕུན་སུམ་ཚོགས་པོ་འཁྲབ་སྟོན་བྱས་ནས་དར་མདོའི་གྲོང་མིར་རིག་གནས་ཀྱི་གསོལ་སྟོན་ཕུལ་བ་རེད། 

ཟླ2པའི་ཚེས28ཉིན་ནས་ཟླ་བ3པའི་ཚེས1ཉིན་བར་དར་མདོ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཤང་དང་གྲོང་རྡལ་སོ་སོར་བོད་ལོ་སར་ལ་རིག་གནས་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་སྤེལ་བ་རེད།  ལོ་སར་གནམ་གང་ལ་ཉག་ཆུ་རྫོང་རིག་གནས་དྲིལ་བསྒྲགས་པུའུ་དང་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་ཅུས།རིག་གནས་ཁང་།ཁམས་པའི་ཕོ་རྒོད་རིག་རྩལ་འཁྲབ་སྟོན་ཚོགས་པ་སོགས་ཀྱིས་རྫོང་དེའི་མི་ཉག་ཐང་ཆེན་དུ་ངོ་མཚར་ཆེ་བའི་རིག་རྩལ་མཉམ་འཁྲབ་བྱས་པར་མ་ཟད།གནམ་གང་གི་མཚན་མོར་མི་ཉག་ཐང་ཆེན་དུ་བྲོ་གར་འཁྲབ་སྟོན་དགོང་ཚོགས་འཚོགས་ནས་བོད་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བ་རེད།རྫོང་དེའི་བགྲེས་སོང་གླུ་གར་རུ་ཁག་དང་བཀྲ་ཤིས་སྐོར་བྲོ་རུ་ཁག་སོགས་ཀྱི་འཁྲབ་སྟོན་པ་ཚོས་ལྟད་མོ་མིག་ཚིམ་པ་འཁྲབ་སྟོན་བྱས་ནས་ཡུལ་དེ་གའི་ཞིང་འབྲོག་དམངས་ལ་སྤྲོ་སྐྱིད་ཁེངས་པའི་གནམ་གང་ཞིག་གཏོང་དུ་བཅུག་པ་རེད།   

བོད་ལོ་སར་ཤར་པའི་སྐབས་སུ་དཔལ་ཡུལ་རྫོང་གི་ཚོགས་པ་ཆེན་པོ་བཞིའི་འགོ་ཁྲིད་ཀྱིས་རྫོང་ཡོངས་ཀྱི་དབུལ་ཕོངས་དུད་ཚང་ལ་འཚམས་འདྲི་གནང་བར་མ་ཚད།ད་དུང་གནས་སྤོ་དུད་ཚང་དང་དབུལ་ཐར་དུད་ཚང་གི་བོད་ལོ་སར་གཏོང་ཚུལ་ལ་ཆ་རྒྱུས་བླངས་པ་རེད།དཔལ་ཡུལ་དགོན་པས་དགུ་གཏོར་སོགས་ཆོས་རིགས་བྱེད་སྒོ་སྤེལ་ནས་ལོ་སར་བསུ་བ་རེད།  2017ལོའི་དཔྱིད་གསར་དང་བོད་ལོ་སར་སྐབས་སུ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་སྣེ་ཁྲིད་དེ་ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོར་རིག་གནས་དང་ཚན་རྩལ།འཕྲོད་བསྟེན།བཅའ་ཁྲིམས།སློབ་གསོ་བཅས་ལྔ་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་སྤེལ་ནས་ཞིང་འབྲོག་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་བར་བྱས་པ་རེད།ཁྱད་པར་དུ་རིག་གནས་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པོ་ཡིན་ལ་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བདེ་སྐྱིད་འཚོ་བའང་སྟོན་ཐུབ་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།