དཀར་མཛེས་ཁུལ་གྱི་སྐབས་དང་པོའི་སློབ་ཆེན་སློབ་མའི་ལས་ལམ་གསར་འབྱེད་ཀྱི་འགྲན་བསྡུར་མཇུག་བསྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། དུས་ཡུན་ཟླ་བ་གཅིག་ལ་ཁུལ་ཨུའི་རྩ་འཛུགས་པུའུ་དང་། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། གུང་གཞོན་ཚོགས་པའི་ཁུལ་ཨུ། སི་ཁྲོན་མི་རིགས་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་འཛུགས་གཉེར་བྱས་པའི་ཁུལ་ཡོངས་ཀྱི་སྐབས་དང་པོའི་སློབ་ཆེན་སློབ་མའི་ལས་ལམ་གསར་འབྱེད་ཀྱི་འགྲན་བསྡུར་བྱེད་སྒོ་དེ་སི་ཁྲོན་མི་རིགས་སློབ་གླིང་དུ་མཇུག་བསྒྲིལ་ཞིང་། འགྲན་བསྡུར་ནང་ཞུགས་པའི་ལས་གཞི14ལ་དཔྱད་བསྡུར་བྱས་མཐར་དར་མདོ་གྲོང་ཁྱེར་ཅ་ཡུས་ཕྱུགས་ཟོག་འཚོ་མཁན་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་གཞི་ཡིས་སྐར་མ88.43རག་ནས་ཨང་དང་པོའི་བྱ་དགའ་ཐོབ་པ་རེད།

ལས་ལམ་གསར་འབྱེད་ཀྱི་འགྲན་བསྡུར་བྱེད་སྒོ་མ་སྤེལ་སྔོན་དུ། སི་ཁྲོན་མི་རིགས་སློབ་གླིང་གིས་དམིགས་བསལ་དུ་ལས་ལམ་གསར་གཏོད་ཀྱི་སྒྲོག་འགྲེལ་བྱས་ནས། ཞིང་ཆེན་ལས་ལམ་གསར་གཏོད་ཀྱི་ཆེད་རམས་པ་ཝང་ཧྲི་ཏེ་དང་། ལི་ཀྲེང་ཀྲི། ཀྲང་ཆིན་ཕིང་བཅས་ཆེད་དུ་གདན་འདྲེན་ཞུས་ནས་སློབ་ཆེན་སློབ་མའི་ལས་ལམ་གསར་གཏོད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཁག་བགོས་ནས《ལས་ལམ་གསར་གཏོད་བྱ་རྒྱུར་མི་སྐྲག་པ》དང་། 《ཅི་འདྲ་བྱས་ཏེ་སྲོག་ཤིང་ལྟ་བུའི་ལས་ལམ་གསར་གཏོད་ཀྱི་རུ་ཚོགས་འཛུགས་སྟངས》 《གློག་རྡུལ་ཚོང་ཁང་ཆེན་པོའི་དུས་རབས་སུ་ལས་ལམ་ཆུང་གྲས་གསར་གཏོད་བྱེད་སྟངས་ཀྱི་ཐབས་ལམ》བཅས་ཀྱིས་བརྗོད་དོན་བྱས་པའི་འཆད་འཁྲིད་བྱས་པ་རེད། ཆེད་རམས་པ་ཚོས་ལྟ་ཕྱོགས་མི་འདྲ་བ་དང་གཙོ་བོར་འཛིན་ཡུལ་མི་འདྲ་བའི་ཆ་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསེད་འགྲེལ་དང་དབྱེ་ཞིབ་ཟབ་མོ་བྱས་པ་རེད།

སི་ཁྲོན་མི་རིགས་སློབ་གླིང་གི་འགོ་གཙོ་གཞོན་པ་ཀྲན་ཞན་ཡིའུ་ཡིས་ལས་ལམ་གསར་གཏོད་ཀྱི་ཆེད་རམས་པ་ཚོས་ལས་སྐྲུན་གྱི་ཟུར་ཁྲིད་བྱས་ནས། སློབ་མ་ཚོར་ཡང་དག་པའི་ལས་ཞུགས་ལས་སྐྲུན་གྱི་འདུ་ཤེས་ཆགས་པ་བྱས་ཏེ་སློབ་མ་ཚོའི་ལས་ཞུགས་ལས་སྐྲུན་གྱི་འགྲན་སློང་འཇོན་ནུས་པ་ཇེ་དྲག་ཏུ་བཏང་སྟེ་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་རེད་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།