དཀར་མཛེས་རྫོང་གིས་མ་དངུལ་སྒོར་ཁྲི5952བཏང་ནས་ཞིང་འབྲོག་མི་དམངས་ཁྲི4.1གིས་བཏུང་ཆུའི་གནད་དོན་ཐག་གཅོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་སྲིབ་ངོ་ཤང་རྒྱས་བཟང་གྲོང་སྡེ་རུ་སོང་ནས་ཡུལ་དངོས་རྒྱུས་ལོན་བྱུང་བར་གཞིགས་ན། ཆུ་བེད་ཀྱི་དམངས་ཕན་ཨར་ལས་ལག་བསྟར་བྱས་པ་དེའི་དཀར་མཛེས་རྫོང་གི་རྒྱ་ཆེ་བའི་ཞིང་འབྲོག་མི་དམངས་ཀྱི་ཆུ་གཙང་མ་འཐུང་པའི་རེ་འདུན་འགྲུབ་པ་རེད། རྫོང་ཆུ་དོན་ཅུའུ་ཡི་ཅུའུ་ཀྲང་ལུའོ་ཅན་ཆོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ5རིང་དུ་རྫོང་དེས་མ་དངུལ་སྒོར5952བཏང་ནས་ཤང་དང་གྲོང་རྡལ22དང་སྲིད་འཛིན་གྲོང་སྡེ132ཀྱི་མི་གྲངས་ཁྲི4.1གི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།

རྫོང་དེའི་ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་དང་སྡོད་གནས་ཁ་ཐོར་ཡིན་པ། ཞིང་སྡེའི་འཐུང་ཆུ་གཙང་མའི་ཨར་ལས་རྒྱག་ས་མང་བ་དང་རྒྱ་ཁྱོན་ཆེ་བ་རེད། རྗེས་སུ་སྤུས་ཚད་དང་ཕན་འབྲས་ཐད་ནུས་ཤུགས་སྣོན་ཞིང་། ཆ་རྐྱེན་འཛོམས་སར་གཅིག་བསྡུས་ཀྱིས་ཆུ་འདོན་བཟོ་གྲྭ་ཆུང་གྲས་བསྐྲུན་ནས་ཞིང་འབྲོག་མི་དམངས་ཀྱི་ཆུ་སྤྱད་རྒྱུའི་དགོས་མཁོ་སྐོང་ཐུབ་རྒྱུ་རེད། ལུའོ་ཅན་ཆོན་གྱིས་འབྱུང་འགྱུར་གྱི་ལོ་ལྔའི་རིང་དཀར་མཛེས་རྫོང་གིས་མ་དངུལ་སྒོར་ཁྲི5655བཏང་ནས་འདན་མ་སོགས་ཤང་དང་གྲོང་རྡལ5ལ་གཅིག་བསྡུས་ཀྱིས་ཆུའི་འབྱུང་ཁུངས་སྲུང་སྐྱོང་བྱ་རྒྱུ་དང་ཚྭ་ལུང་གྲོང་རྡལ་གྱི་ཐུམ་འབུའི་ནད་ཀྱི་འཐུང་ཆུ་གཙང་མའི་དུས་རིམ་གཉིས་པའི་ཨར་ལས་དང་དབུལ་ཕོངས་གྲོང་སྡེར་འཐུང་ཆུ་གཙང་མ་འདྲེན་པ་སོགས་ཀྱི་ཨར་ལས་ཆེན་པོ་ལྔ་ལག་བསྟར་བྱས་ནས། ཕན་ནུས་ལྡན་པའི་སྒོས་ཞིང་འབྲོག་མང་ཚོགས་ཀྱི་ཆུ་འདོན་ཆུ་འདྲེན་སོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།