ཉག་རོང་རྫོང་གིས་ཐོན་ལས་དབུལ་སྐྱོར་གྱི་འཁོར་རྒྱུག་དངུལ་རྩ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྨྱུག་འཛིན་པས་ཉག་རོང་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་དོན། རྫོང་དེའི་དབུལ་ཕོངས་གྲོང་སྡེ90ལ་ཐོན་ལས་དབུལ་སྐྱོར་གྱི་འཁོར་རྒྱུག་དངུལ་རྩ་བཙུགས་ནས། དབུལ་ཕོངས་གྲོང་སྡེ་རེའི་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་སྒོར་ཁྲི10ལས་མི་ཉུང་བ་དང་སྒོར་ཁྲི20ལས་མི་བརྒལ་བར་བྱས་ཏེ་དབུལ་ཕོངས་གྲོང་སྡེའི་དབུལ་ཕོངས་དུད་ཚང་གི་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་མ་དངུལ་མི་འདང་བའི་གནད་དོན་དངོས་སུ་ཐག་གཅོད་བྱས་པ་རེད།དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་ལག་བསྟར་གཏིང་ཟབ་བྱེད་པ་དང་།2016ལོའི་ཐོན་ལས་དབུལ་སྐྱོར་གྱི་ལས་ཀ་དངོས་སུ་ཡག་པོ་འཛིན་ཆེད། ཉག་རོང་རྫོང་གིས་ལས་གཞི་དང་། མ་དངུལ། འགན་འཁྲི། དབང་ཆ་བཅས་བཞི་ཤང་དུ་དོན་འཁྱོལ་བྱེད་པའི་རྩ་དོན་ལྟར། དབུལ་ཕོངས་གྲོང་སྡེའི་དུད་ཚང་གི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱ་རྒྱུ་དང་ཡོང་འཕར་དབུལ་བྲལ་ཐུབ་པ་གཙོ་བོར་བྱས་ཏེ། དབུལ་ཕོངས་དུད་ཚང་གི་ཐོན་སྐྱེད་འཕེལ་རྒྱས་ཡོང་བ་དང་མ་དངུལ་མི་འདང་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ།  རྫོང་ཡོངས་ཀྱི་ཤང(གྲོང་རྡལ)19ཡི་དབུལ་ཕོངས་གྲོང་སྡེ90དང་དབུལ་ཕོངས་མི་འབོར9790གཙོ་བོར་བྱས་ནས། གཞན་ལས་ལྷག་པའི་ཁྱད་ལྡན་ཐོན་ལས་གསོ་སྤེལ་དང་རྒྱ་སྐྱེད་གཏང་རྒྱུར་དམིགས་ལ་གྲོང་སྡེ་རེར་སྒོར་ཁྲི10ལས་མི་ཉུང་བ་དང་སྒོར་ཁྲི20ལས་མི་བརྒལ་བའི་ཚད་གཞི་ལྟར་ཐོན་ལས་དབུལ་སྐྱོར་གྱི་འཁོར་རྒྱུག་མ་དངུལ་བཀོད་སྒྲིག་བྱས་པ་དང་། དབུལ་ཕོངས་དུད་ཚང་གིས་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་སྐྱེད་མེད་དངུལ་བུན་གཏོང་ཞིང་། དབུལ་ཕོངས་དུད་ཚང་གིས་ཕྱུགས་འབྲོག་ལས་རིགས་འཕེལ་རྒྱས་གཏོང་བར་དགོས་ངེས་ཀྱི་ཕྱུགས་ཕྲུག་ཉོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་དབུལ་ཕོངས་དུད་ཚང་གི་ཐོན་སྐྱེད་རང་བཞིན་གྱི་མ་དངུལ་མི་འདང་བའི་དཀའ་ངལ་ཐག་གཅོད་བྱས་པ་རེད།།


རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།