དཀར་མཛེས་ཁུལ་གྱིས་བྱེད་ཐབས་སྣ་ཚོགས་སྒོས་མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་ཞིང་ཕྱུགས་ལས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་གྲོང་གསེབ་བྱ་བའི་ཚོགས་འདུ་དར་མདོ་རྫོང་ནས་བསྡུས་པ་དང་ཏང་ཨུའི་ཧྲུའུ་ཅི་ལུའུ་ཁྲིན་མིན་ཚོགས་འདུ་ལ་ཞུགས་པ་དང་གཏམ་བཤད། ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཡེ་ཤེས་ཟླ་བས་ཚོགས་འདུ་ལ་མགོ་འཛིན་བྱས་པ་དང་། ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡིས་ཧྥན་བཅས་ཚོགས་འདུ་ལ་ཞུགས་པ་རེད།

གསར་འགོད་པས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱས་པ་ལྟར་ན། ད་ལོ་གྲོང་གསེབ་བྱ་བའི་དམིགས་འབེན་ནི“འཕེལ་རྒྱས་ཀྱི་འདུ་ཤེས་ལྔ”ཡིས་ཞིང་གསུམ་གྱི་བྱ་བར་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས་དབུལ་སྐྱོར་མཁྲེགས་གཏོར་དང་དམ་པར་འབྲེལ་ཏེ། བྱེད་ཐབས་སྣ་ཚོགས་སྒོས་མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ་དང་། བསྡོམས་པས་ཁྱད་ལྡན་ཞིང་ལས་ཐོན་ལས་རྟེན་གཞི་མུའུ་ཁྲི50དང་ཁྱད་ལྡན་ཤིང་ཏོག་ཐོན་ལས་རྟེན་གཞི་མུའུ་ཁྲི75། ཁྱད་ལྡན་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི100། ཁྱད་ལྡན་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ20འཛུགས་རྒྱུ་ཡིན་པ་དང་། འབྲུ་རིགས་དང་སྣུམ། ཚོད་རིགས། ཤ། འོ་མ་སོགས་ཀྱི་ཐོན་ཚད་བསྟུད་མར་ཇེ་མཐོར་གཏོང་རྒྱུ་དང་། གྲོང་གསེབ་སྡོད་དམངས་ཀྱི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར9585ལ་སླེབས། བདེ་སྐྱིད་སྡེ་གསར300ལྷག་བཙུགས་ནས་ཤུགས་ཡོངས་ཀྱིས་ཞིང་ལས་ཀྱི་སྤུས་ཀ་མཐོར་འདེགས་དང་ཞིང་བའི་ཡོང་སྒོ་བསྟུད་མར་ཇེ་མཐོར་གཏོང་བ། གྲོང་གསེབ་འཕེལ་རྒྱས་ཡོང་བ་སོགས་ལ་སྐུལ་འདེད་བྱས།

ཚོགས་འདུའི་སྟེང་དུ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རོང་བྲག་རྫོང་དང་བྲག་འགོ་རྫོང་། འདབ་པ་རྫོང་བཅས་ལ2016ལོའི་ཞིང་གསུམ་བྱ་བའི་དམིགས་འབེན་གྱི་ལས་འགན་གན་རྒྱ་བཞག་པ་དང་། དར་མདོ་རྫོང་དང་ལྕགས་ཟམ་རྫོང་། ལི་ཐང་རྫོང་། གསེར་རྟ་རྫོང་བཅས་རྫོང་བཞི(གྲོང་ཁྱེར)དང་ཁུལ་ཞིང་ཕྱུགས་ཅུའུ། ནགས་ལས་ཅུའུ། ཁུལ་ཆུ་བེད་ཅུའུ། ཁུལ་དབུལ་སྐྱོར་གནས་སྤོར་ཡུལ་མི་ཅུའུ་སོགས་དང་བསམ་བློ་བརྗེ་རེས་བྱས།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།