དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་གི་ས་མཐོའི་གནས་སྤོར་ཡུལ་མི་རྣམས་ཁང་གསར་ནང་སྤར་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འདི་འགར། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་ཧྲུས་བྰ་ཤང་ལིང་ཁྲོང་སྡེ་བའི་གནས་སྤོར་ཡུལ་མིའི་གནས་སྤོར་བཀོད་སྒྲིག་བྱེད་ས་རུ་འདུ་འཛི་ཡིས་ཁེངས་འདུག་སྟེ། གྲང་ངར་ཆེ་བའི་ས་མཐོ་ནས་གནས་སྤོར་བྱས་ཡོང་བའི་རོང་འབྲོག་ཁྱིམ་ཚང11གིས་ཁང་བ་གསར་བ་ལས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་འགོ་རྩོམ་བཞིན་འདུག

ཉིན་འདི་འགར་ཆེས་དགའ་འོས་པ་ནི་སྡེ་མི་ཨོ་རྒྱན་བཀྲ་ཤིས་ཚང་ཡིན་ཏེ་ཏང་ཨུ་དང་སྲིད་གཞུང་གི་རོགས་སྐྱོར་འོག་ཁོ་ཚང་ཁང་བ་གསར་བའི་ནང་དུ་སྤར་བ་རེད། ཨོ་རྒྱན་བཀྲ་ཤིས་ཀྱིས་བཤད་རྒྱུར་ལོ་གཅིག་གི་སྔོན་ངེད་ཚང་ད་རུང་རྒྱ་མཚོའི་ངོས་ལས་མཐོ་ཚད་མུས4000ལ་ཉེ་བའི་ས་ན་འཚོ་བ་རོལ་བཞིན་ཡོད་ལ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང41ལ་བསྡོམས་པས་ས་ཞིང་མུའུ307ཡོད་ནའང་། ལོ་ཏོག་ལོ་གཅིག་ལ་ཐེངས་གཅིག་མ་གཏོགས་འདེབས་མི་ཐུབ་པར་མ་ཟད་ནས་དང་ཞོག་ཁོག ལ་ཕུག་བཅས་མ་གཏོགས་འདེབས་རྒྱུ་མེད་ཟེར། 

དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་ཧྲུས་བྰ་ཤང་ལིང་ཁྲོང་སྡེ་བའི་སྡེ་མི་ཨོ་རྒྱན་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད་རྒྱུར། ང་ཚོ་སྔོན་ཆད་སྡོད་པའི་ས་ཆ་དེའི་གནམ་གཤིས་ཆ་རྐྱེན་དང་འཚོ་བའི་ཆ་རྐྱེན་སོགས་ཕྱོགས་གང་ཅི་ཐད་ནས་བཟང་རྒྱུ་མེད་ལ་དགུན་དུས་སུ་ས་ཡོངས་སུ་འཁྱགས་པས་བསྡམས་པ་དང་དབྱར་ཁ་ཡང་ཆར་ཆུ་ཤིན་ཏུ་མོད་པས་ངེད་ཚང་གི་ཁང་བའི་རྩིག་ལྡེབས་ལ་རྒྱུན་དུ་གས་སྲུབས་ཤོར་ཡོད་ཟེར།

རང་བྱུང་གི་ཆ་རྐྱེན་ཞན་པས་སྡེ་བ་ཧྲིལ་བོ་གནས་སྤོར་བྱེད་རྒྱུ་ནི་ས་གནས་མང་ཚོགས་རྣམས་ཀྱི་རེ་བ་ཉག་གཅིག་ཡིན་པས་ན་ནིང་ལོ་འགོ་ནས་བཟུང་ཧྲུས་བྰ་ཤང་ཏང་ཨུ་སྲིད་གཞུང་གིས་སྲིད་གཞུང་གི་སྣེ་ཁྲིད་འོག་ནས་ཤང་དང་སྡེ་བ་གཉིས་མཉམ་འབྲེལ་བྱས་ཏེ་ཞིང་བའི་ཁྱིམ་ཚང་རང་འཐད་ཡིན་པའི་ཆ་རྐྱེན་འོག  ལིང་ཁྲོང་སྡེ་བའི་ཁྱིམ་ཚང་ཆ་རྐྱེན་ཅུང་བཟང་བ་དང་རང་བདག་ནུས་པ་ཅུང་ངར་བའི་ཁྱིམ་ཚང30ཉེ་འཁོར་གྱི་ཆ་རྐྱེན་ཅུང་བཟང་བའི་གྲོང་རྡལ་དང་སྡེ་བ་རུ་གནས་སྤོར་བྱེད་དུ་བཅུག  ཁྱིམ་ཚང་གི་ཆ་རྐྱེན་དང་རང་བདག་ནུས་པ་ཅུང་ཞན་པའི་ཁྱིམ་ཚང11ས་བབ་ཅུང་དམའ་བ་དང་གནམ་གཤིས་ཆ་རྐྱེན་བཟང་བའི་འི་ཀྲ་ཤང་དུ་གནས་སྤོར་བྱེད་དུ་བཅུག་པས་ལིང་ཁྲོང་སྡེ་བའི་ཁྱིམ་ཚང41གི་གནས་སྤོར་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་སོང་།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།