དཀར་མཛེས་ཁུལ་གྱིས་སློབ་གསོའི་དབུལ་སྐྱོར་གནད་སྨིན་བྱས་ནས་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ3པའི་ཚེས15ཉིན། སྨྱུག་འཛིན་པས་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་དོན། ད་ལོའི་དཔྱིད་ཀའི་སློབ་དུས་ནས་འགོ་བཙུགས་ཏེ་ཁུལ་ཡོངས་ཀྱི་དམངས་གཉེར་བྱིས་པ་ཁང་ཚང་མའི་ཉིན་གུང་ཟ་མའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་སློབ་མ་རེར་ཉིན་རེར་སྒོར3ནས་སྒོར4ཡི་ཐོག་སྤར་རྒྱུ་དང་།རང་ཁུལ་གྱི་རྫོང་གི་གྲོང་ཁུལ་ནང་གི་འོས་འགན་སློབ་གསོའི་སློབ་གྲྭ་མཐའ་དག་ཞིང་ཆེན་རིམ་པའི་ཚོད་ལྟའི་ཁྱབ་ཁོངས་ནང་གཞག་རྒྱུ་ཡིན་པ་རེད།

དེ་དང་ཆབས་ཅིག ད་ལོའི་སྟོན་ཁའི་སློབ་དུས་ནས་འགོ་བཙུགས་ཏེ་ཁུལ་ཡོངས་ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་གི་འབྲིང་རིམ་ལས་རིགས་སློབ་མར་རོགས་སྐྱོར་མ་དངུལ་སྟེར་བཞིན་ཡོད་པའི་རྨང་གཞིའི་ཐོག ཡང་བསྐྱར་སློབ་མ་རེར་ལོ་གཅིག་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར1000སྟེར་རྒྱུ་ཡིན་པ་རེད། ཁུལ་ཡོངས་ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་གི་སློབ་མས་ཉིན་གང་ལམ་ལུགས་ཀྱི་དངོས་གཞི་དང་ཆེད་སྦྱོང་ཚན་ཁག མཐོ་རིམ་ལས་རིགས་སློབ་གྲྭར་རྒྱུགས་འཕྲོད་པ་ཡིན་ན། ལོ་རེར་སློབ་མ་རེར་སྒོར4000ཡིས་ཚད་གཞི་བྱས་ནས་སློབ་གཉེར་མཇུག་མ་རྫོགས་བར་དུ་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།

《སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་དང་སློབ་གསོ་ཐིང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་དབུལ་སྐྱོར་ཡུལ་མི་གནས་སྤོས་ཅུས་བཅས་ཀྱི་སློབ་གསོ་དབུལ་སྐྱོར་འགག་སྒྲོལ་བྱ་རྒྱུའི་སྲིད་ཇུས་ཀྱི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ》དང《སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་དང་ནོར་སྲིད་ཐིང་གི་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་བྱ་རྒྱུ་འཆར་གཞིའི་འབྲེལ་ཡོད་སྲིད་ཇུས་སྐོར་གྱི་བརྡ་ཐོའི》སྙིང་དོན་ལག་ལེན་དོན་འཁྱོལ་བྱེད་ཆེད། རང་ཁུལ་གྱིས《སློབ་གསོའི་དབུལ་སྐྱོར་འགག་སྒྲོལ་བྱས་ནས་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་དེ་བཞིན་དུ་ཁུལ་དང་རྫོང་གིས་མ་དངུལ་འགན་ལེན་བྱ་རྒྱུའི་འཆར་འགོད》འདི་བཟོས་ནས་བཏོན་ཡོད་པ་རེད། ། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།