ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས18ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་པོ་རེད། ངེད་ཚང་སྡོད་ཁང་གསར་པའི་ནང་དུ་སྤོས་པ་ཡིན། ཁང་མིག་བཞི་མ་གཏོགས་ནང་གཅོད་བྱས་མེད་ཅིང་ངེད་ཁྱིམ་མི་བཞི་བསྡད་དུས་ཅུང་གུ་དོག་པོ་ཡིན་སྣང་ཤར་ཡང་རང་གི་སྡོད་ཁང་གསར་པར་འདུག་ནས་འཁྱག་སྡུག་མེད་པར་དགུན་ཁ་བརྒལ་ཐུབ་པས་སེམས་ཧ་ཅང་སྐྱིད་དོ་ཞེས་རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྲོང་འགོ་གྲོང་སྡེ་ལྔ་པའི་གྲོང་མི་འཆི་མེད་ཀྱིས་རང་གི་སྡོད་ཁང་གསར་པར་སྤྲོ་སེམ་ས་འཕེལ་བའི་ངང་གསར་འགོད་པར་དེ་ལྟར་བཤད།  དར་མདོའི་ས་འགུལ་ཁྲོད་དུ་རྟའུ་རྫོང་གི་ཐད་ཀའི་དཔལ་འབྱོར་གྱོང་གུད་སྒོར་དུང་ཕྱུར3.4ཡིན་ཞིང་བསྐྱར་འཛུགས་ཀྱི་ལས་གཞི91ཡིན་ལ་ཁུལ་ཡོངས་ཀྱི་ལས་གཞིའི་བརྒྱ་ཆ23.2ལ་ཟིན། ལས་གཞི་ཁྱོན་བསྡོམས་རིགས་ལྔ་རུ་བགོས་ཤིང་ཚོད་རྩིས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར5.97ཡིན་ཞིང་ཁུལ་ཡོངས་ཀྱི་བརྒྱ་ཆ14.6ལ་ཟིན་པ་རེད།  གསར་འགོད་པས་རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྲོང་འགོ་གྲོང་སྡེ་ལྔ་པའི་གཅིག་སྡུད་བཀོད་འཇོག་བྱེད་ཡུལ་གྱི་བསྐྱར་འཛུགས་ལས་ཡུལ་དུ་གྲོང་མི་ལ་ལས་ཀ་འཛུགས་གདུང་འདེགས་བྱེད་བཞིན་ཡོད་ལ། འགའ་ཞིག་གིས་ཁང་བའི་ནང་གཅོད་བྱེད་བཞིན་ཡོད་པ་དང་རེ་འགས་ཁང་གསར་དུ་སྤོ་བའི་ལས་ལ་བྲེལ་བཞིན་འདུག སྡོད་ཁང་ཚང་མ་ནི་རྡོ་རྩིག་ལས་གྲུབ་པའི་བང་ཁང་ཤ་སྟག་ཡིན་ཞིང་། སྲོལ་རྒྱུན་སྡོད་ཁང་གི་ཁྱད་ཆོས་གཞིར་བཞག་དེང་རབས་ཀྱི་བཟོ་བཀོད་ཀྱང་མཉམ་དུ་བསྲེས་པས་འགུལ་འགོག་དང་དྲོད་སྲུང་ཐུབ་པར་མ་ཟད་གོ་གཅོད་ཆེ་ཞིང་ལྟ་ས་མཛེས་པའི་ཁྱད་ཆོས་ཀྱང་ཡོད་པ་རེད། རྒྱལ་ཁབ་ཀྱིས་བསྐྱར་འཛུགས་དུད་ཚང་རེ་ལ་སྒོར་ཁྲི6ཡི་ཁ་གསབ་རོགས་དངུལ་སྤྲད་པ་དང་དེའི་ཐོག་གྲོང་མི་སོ་སོས་རང་གི་དཔལ་འབྱོར་གྱི་འཁོས་ཀ་ལ་གཞིགས་ནས་རྒྱ་ཁྱོན་ཆེ་ཆུང་གང་ཡང་རུང་བ་བཀབ་ཆོག་ཅིང་། གྲོང་མི་ཕལ་ཆེར་གྱིས་ཉིས་ཐོག་བསྐྲུན་ཡོད་པ་དང་རྒྱ་ཁྱོན་ཆེས་ཆེ་བར་སྨི་གྲུ་བཞི་མ200ལྷག་ཡོད་ལ། ཆེས་ཆུང་བ་མ་མཐའ་ཡང་སྨི་གྲུ་མ100ལྷག་ཡོད་པ་རེད། སྡོད་ཁང་གི་སྒོ་ཆེན་གྱི་ཁ་ཉི་ཕྱོགས་སུ་བསྟན་པས་ཁང་པའི་ནང་གི་གསལ་ཆ་དང་དྲོད་སྲུང་ནུས་པ་ཆེ་བ་རེད། འཛུགས་སྐྲུན་རྒྱུ་ཆ་སྲིད་གཞུང་གིས་གཅིག་གྱུར་མཁོ་སྤྲད་དང་ཡང་ན་ཉོ་སྒྲུབ་བྱས་པས་ཞིང་འབྲོག་དམངས་ཚོའི་སྐྱེལ་འདྲེན་དཀའ་བ་དང་མ་གནས་མཐོ་བའི་དངོས་ཡོད་དཀའ་ངལ་སེལ་བ་རེད། བཀོད་འཇོག་བྱེད་ཡུལ་ཐང་ཆེན་གྱི་དཀྱིལ་དུ་ད་དུང་གྲོང་མིའི་བྱེད་སྒོ་ལྟེ་གནས་དང་ཡུལ་སྐོར་བའི་སྣེ་ལེན་ལྟེ་གནས། སྤྲོ་གསེང་ལྟེ་གནས་བཅས་བྱེད་ནུས་དུ་མ་གཅིག་ཏུ་འདུས་པའི་ཐོག་ཁང་ཆེན་པོ་ཞིག་བསྐྲུན་ཞིང་འབྱུང་འགྱུར་ཡུལ་སྐོར་ཐོན་ལས་སྤེལ་བར་ཆེད་དུ་དམིགས་པ་རེད།

རྟའུ་རྫོང་གིས་བསྐྱར་འཛུགས་ལས་ཀ་བདེ་བླག་ངང་སྤེལ་བའི་ཆེད། བསྐྱར་འཛུགས་ལས་གཞི་དོན་ཐོག་འཁྱོལ་བར་འཆར་འགོད་ཧུར་ཐག་བྱེད་ཅིང་ལུགས་མཐུན་ངང་ལས་གཞི་ལེགས་སྒྲིག་བྱེད་པ་དང་། ལས་གཞིའི་གོ་རིམ་ལ་དོ་དམ་ནན་པོ་དང་ལས་གཞིར་རྩད་ཞིབ་ཇུས་འགོད་ལས་ཀ་སྤེལ་ཞིང་། ལས་གཞིའི་སྔོན་བཀོད་དུས་རིམ་ལ་དམ་འཛིན་བྱས་ཏེ་ལས་གཞི་གཅིག་ལས་ཆོག་པའི་དུས་ལ་བབ་ཚེ་གཅིག་ལས་འགོ་ཚུགས་པ་དང་། དུས་ཐོག་ཕྱོགས་མང་གི་མཐུན་སྦྱོར་ལས་ཀ་ཡག་པོ་བསྒྲུབས་ཏེ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད། ད་རུང་ལག་རྩལ་ཁྲིད་སྟོན་དང་བཟོ་སྐྲུན་རྒྱུ་ཆ་མཁོ་སྤྲད། ལས་གཞི་འཛུགས་སྐྲུན། བསྐྱར་འཛུགས་ཁོར་ཡུག་བཅས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཞི་བདེ་བླག་ངང་ལག་ལེན་བྱེད་པར་ཁག་ཐེག་བྱས་པ་རེད།  མིག་སྔའི་བར་རྟའུ་རྫོང་གིས་བསྐྱར་འཛུགས་ལས་གཞི91གི་ནང་དུ་ལས་གཞི90ལས་འགོ་ཚུགས་པ་དང་། ལས་འགོ་ཚུགས་ཚད་བརྒྱ་ཆ98.9ལ་ཟིན་ཞིང་། ལས་གཞི32ལེགས་གྲུབ་བྱུང་ཞིང་གྲུབ་ཚད35.5ལ་ཟིན་པ་དང་། འཛུགས་སྐྲུན་བྱེད་སྒང་ཡིན་པའི་ལས་གཞི58ཡིན་ཞིང་འཛུགས་གྲབས་ཡོད་པའི་ལས་གཞི1ཡོད། རིམ་བརྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར1.81བཏང་ཟིན་པ་དང་། མིག་སྔར་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི9530གཏོང་སྤྲོད་བྱས་ཡོད། ལས་གཞི་དེ་རྣམས་ཀྱི་ནང་དུ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར3.42ཡིན་པའི་ལས་གཞི32ཀྱི་སྐྲུན་འགན་ནི་སི་ཁྲོན་ཧྭ་ཞི་ཚོགས་ཁག་གིས་ཁུར་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།